སྤྱི་བདེ་པུས་དམངས་དང་ཁེ་ལས་ལ་ཕན་པའི་བྱ་ཐབས་ཁག60བཏོན་པ།

    མི་དམངས་ཉིན་རེའི་ཚགས་པར།    2019-07-23

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས17ཉིན། སྤྱི་བདེ་པུས་པེ་ཅིང་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་སྤྱི་བདེ་ལས་ཁུངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས། ཁེ་ལས་བཅས་ལ་ཞབས་འདེགས་ཞུ་བའི་བྱ་ཐབས་ཁག་60བཏོན་པའི་བརྡ་ཁྱབ་བཏང་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་བདེ་པུས་ལོ་གཉིས་ནང་ཚུན་དུ་བྱ་ཐབས་ཁག་60ཁག་དབྱེ་ནས་འདོན་པ་དང་དོན་འཁྱོལ་བྱས་ཏེ། སྒྱུར་བཅོས་ཀྱི་ཁེ་སྤོགས་རྒྱུན་མཐུད་ནས་སྤྲོད་རྒྱུ་རེད།

བྱ་ཐབས་ཁག60ཡིས་མང་ཚོགས་ལས་དོན་སྒྲུབ་པ་དང་། ལག་ཁྱེར་བཟོ་བ། ཁེ་ལས་གཉེར་བ་བཅས་ཀྱི་དཀའ་གནད་སེལ་རྒྱུ་ཡིན་པ་རེད།

གསར་འགོད་པས་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། མི་དམངས་མང་ཚོགས་ཀྱིས་ཚུར་སྣང་ལན་ཆ་ཆེ་བའི་ལས་དོན་སྒྲུབ་པ་དང་། ལག་ཁྱེར་བཟོ་བ། ཁེ་ལས་གཉེར་བ་བཅས་ཀྱི་དཀའ་གནད་ལ་དམིགས་ཏེ། སྤྱི་བདེ་པུས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མང་ཚོགས། ཁེ་ལས་བཅས་ལ་ཞབས་འདེགས་ཞུ་བའི་ཕྱོགས་ཁག་7དང་འབྲེལ་བའི་དམངས་དང་ཁེ་ལས་ལ་ཕན་པའི་བྱ་ཐབས་ཁག60ཞིབ་བཟོ་བྱས་པ་དེ་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་དང་། ཁེ་ལས། མང་ཚོགས་བཅས་ལ་ཕྱོགས་པའི་ཞབས་ཞུ་དོ་དམ་གྱི་ནང་དོན་མང་ཆེ་བ་ཚུད་ཡོད་པ་དང་། ཕན་པ་ཐོབ་རྒྱ་ཆེ་ལ་དངོས་དངོས་རྗེན་རྗེན་གྱི་ནང་དོན་ལྡན་ཡོད།

བྱ་ཐབས་ཁག60དེར་གཙོ་བོ་ནང་དོན་ཁག7ཡོད་དེ།

གཅིག་ནས་སྲིད་འཛིན་ཞིབ་མཆན་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་མཆན་ལས་དོན་གྱི་ཞིབ་མཆན་དུས་ཚད་ཁྱོན་ཡོངས་ནས་ཐུང་དུ་གཏོང་བ་དང་། གཞུང་ཐམ་བརྐོ་བཟོའི་ལས་རིགས་ཀྱི་དམིགས་བསལ་ལས་རིགས་ཀྱི་ཆོག་འཐུས་ཞིབ་མཆན་སྟབས་བདེ་རུ་གཏོང་བ། འཕྲུལ་སྒུལ་འཁོར་རིགས་ཀྱི་ཞིབ་བཤེར་མཚོན་རྟགས་གློག་རྡུལ་ཅན་ལ་སྐུལ་འདེད་གཏོང་བ། རྩིས་རྒྱག་འཕྲུལ་འཁོར་གྱི་ཆ་འཕྲིན་མ་ལག་བདེ་འཇགས་ཀྱི་ཆེད་སྤྱོད་ཐོན་རྫས་ཕྱིར་ཚོང་ཆོག་འཐུས་ཀྱི་ཞིབ་དཔྱད་ཐེངས་དང་པོའི་གྲོན་དངུལ་མེད་པ་བཟོ་བ་སོགས་བྱ་ཐབས་ཁག12ཚུད་ཡོད།

གཉིས་ནས་རྒྱལ་ཁབ་ཀྱི་གཙོ་གནད་འཕེལ་རྒྱས་འཐབ་ཇུས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་ཐད་ཧའེ་ནན་ཕྱོགས་ཡོངས་ནས་སྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། འབྲི་ཆུའི་ཟུར་གསུམ་ཁུལ་གཞི་གཅིག་ཅན་འཕེལ་རྒྱས་དང་། ཀོང་ཏུང་དང་། ཤང་ཀང་། ཨའོ་མོན་བཅས་ཀྱི་མཚོ་ཁུག་ཁུལ་མཉམ་འདྲེས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་གནས་སྤོས་ཡུལ་མི་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲིད་ཇུས་དང་སྟབས་བདེའི་བྱ་ཐབས་རབ་དང་རིམ་པ། རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་རྒྱུར་སྐུལ་འདེད་གཏོང་བའི་གནས་སྤོས་ཡུལ་མི་དང་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྟབས་བདེའི་སྲིད་ཇུས་རྒྱལ་ཡོངས་ཁྱབ་ཁོངས་སུ་ཁྱབ་གདལ་དང་འདྲ་བཟོ་བྱེད་པ། རྒྱལ་མཚམས་ནས་འོང་བའི་འཁོར་རིགས་དང་མི་སྣ་ཕྱིར་སྐྱོད་ཀྱི་སྟབས་བདེའི་བྱ་ཐབས་འདོན་པ་སོགས་བྱ་ཐབས་ཁག10ཚུད་ཡོད།

གསུམ་ནས་སྤྱི་བདེའི་སྲིད་དོན་ཞབས་ཞུའི་སྤུས་ཚད་དང་ལས་ཕྱོད་ཁྱོན་ཡོངས་ནས་ཆེ་རུ་གཏོང་བའི་ཐད་སྤྱི་བདེའི་སྲིད་དོན་ཞབས་ཞུའི་ནང་དོན་དེ“རྒྱལ་ཡོངས་གཅིག་གྱུར་སྒྲུབ་གཉེར”དང་། “སྒོ་གཅིག་ནས་ཚང་མ་སྒྲུབ་གཉེར” “དྲ་བ་གཅིག་ནས་ཚང་མ་སྒྲུབ་གཉེར” “ཐེངས་གཅིག་ལ་ཚང་མ་སྒྲུབ་གཉེར”བཅས་རིམ་བཞིན་མངོན་འགྱུར་བྱེད་པ་དང་། “གཅིག་འཐུས་རྣམ་པའི”ཐེམ་ཐོ་སྤོ་སྒྱུར་ཁྱབ་གདལ་གཏོང་བ། ས་གནས་གཞན་ནས་འགྲིམ་འགྲུལ་ཁྲིམས་འགལ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། སློབ་གསོ་དང་ལེན་གྱིས་འགྲིམ་འགྲུལ་ཁྲིམས་འགལ་གྱི་སྐར་ཐོ་ཉུང་དུ་དང་རྩ་ཆག་གཏོང་བའི་བྱ་དགའ་ཚོད་ལྟའི་བྱ་ཐབས་སོགས་བྱ་ཐབས་ཁག13ཚུད་ཡོད།

བཞི་ནས་སྡེ་ཚན་དབར་གྲངས་གཞི་མཉམ་སྤྱོད་ལ་སྐུལ་འདེད་ཇེ་མགྱོགས་གཏོང་བའི་ཐད་མི་འབོར་གྱི་ཆ་འཕྲིན་མཉམ་སྤྱོད་དང་ཐོབ་ཐང་ར་སྤྲོད་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་ལག་ཁྱེར་གྱི་སྤྱི་པའི་ཞབས་ཞུ་སྟབས་བདེ་རུ་གཏོང་བའི་བཀོལ་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། ཐེམ་ཁོངས་ཀྱི་གློག་རྡུལ་འདྲ་པར་དང་གློག་རྡུལ་ཡིག་ཚགས་གྲངས་གཞིའི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱེད་པ། གོ་མི་ཆོད་པའི་ཡུལ་མིའི་ཐོབ་ཐང་ལག་ཁྱེར་གྱི་ཆ་འཕྲིན་དྲ་སྦྲེལ་ཞིབ་བཤེར་སྡེ་ཚན་དབར་མཉམ་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་སོགས་བྱ་ཐབས་ཁག་5ཚུད་ཡོད།

ལྔ་ནས་ལས་དོན་སྒྲུབ་རིང་དང་བསྒྲུབས་རྗེས་ཀྱི་ལྟ་འདོམས་ཐད“སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ལྟ་འདོམས་སྐུལ་སྤེལ་ཤུགས་ཆེན་གཏོང་བ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་དོན་ཚན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ། སྤྱི་བདེའི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། སྤྱི་བདེ་པུའི“དྲ་སྦྲེལ+ལྟ་འདོམས”མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་ཁག་5ཚུད་ཡོད་པ་རེད།

དྲུག་ནས་ཁེ་ལས་དང་ཁེ་ལས་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་པའི་ཐད། ཁེ་ལས་དང་འབྲེལ་བའི་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཟོ་བའི་ཉེས་གསོག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ། ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་བྱ་སྤྱོད་ཁྲིམས་ལྟར་ཚད་ལྡན་དུ་གཏོང་བ། ཁེ་ལས་ཀྱི་ཞུ་གཏུག་བདག་སྤྲོད་བྱེད་སའི་དྲ་སྦྲེལ་ལས་སྟེགས་འཛུགས་པ་སོགས་བྱེད་ཐབས་ཁག6ཚུད་ཡོད་པ་རེད།

བདུན་ནས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་བའི་ཐད། སྤྱི་བདེའི་སྒྱུར་བཅོས་གསར་གཏོད་གྲུབ་འབྲས་ཀྱི་ལམ་ལུགས་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བ་དང་། འབྲེལ་ཡོད་ཁྲིམས་སྲོལ་དང་ལམ་ལུགས“འཛུགས་བཅོས་དོར”གསུམ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བ། སྤྱི་བདེ་ལས་ཁུངས་ཀྱི་ཉེས་དོན་གྱོད་གཞི་སྒྲུབ་པའི་བརྒྱུད་རིམ་ཐད་ཀྱི་གཏན་འབེབས་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་གཏོང་བ། 《འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》བཟོ་བཅོས་ལ་སྐུལ་འདེད་གཏོང་བ་སོགས་བྱེད་ཐབས་ཁག9ཚུད་ཡོད་པ་རེད། །


  • ལེ་ཚན་སྔོན་མ།:ལོ་སྟོད་དུ་བོད་ལྗོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1340.97སྣེ་ལེན་ཞུས་པ།
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པ་དང་ཞིང་པའི་ཡོང་འབབ་རྒྱུན་མཐུད་འཕར་བ།
  • དོ་སྣང་ཆེ་བའི་རྩོམ།