ཚན་རིག་གི་རང་བཞིན་ལྡན་པའི་མཐོ་སྒང་གི་སྔོ་ཚལ་ལྡུམ་ར།

དབྱངས་ཅན་གྱིས་བསྒྱུར།        2019-07-22

    སྤྱི་ཟླ7པའི་ཚེས14ཉིན་སེར་ཤུལ་རྫོང་དྲན་འཁོར་ཡུལ་ཤོག་ལ་ཆགས་པའི་སེར་ཤུལ་འདན་མའི་སྐྱེ་ཁམས་ཞིང་ལས་ཚན་རྩལ་དཔེ་སྟོན་ལྡུམ་རར་རིག་ནུས་ཅན་གྱི་སྔོ་ཚལ་དྲོ་ཁང་ནས་རྡོ་ལུ་མ་དང་། སེ་པན། ལྡུམ་སྒོང་སོགས་སྔོ་ཚལ་སྣ་ཚོགས་ཁག་བགོས་ནས་བཏོག་ཟིན་རྗེས་ཚོང་ཁྲོམ་དུ་སྐྱེལ་བའི་ལས་ལ་བྲེལ་འདུག

     སེར་ཤུལ་རྫོང་དུ་ཆ་སྙོམས་མཚོ་འཕགས་སྨི4000ལྷག་ཡོད་པས། སྔོ་ཚལ་འདེབས་འཛུགས་འཕྲོད་སའི་ཁོར་ཡུག་མེད་ལ་ས་རྒྱུའི་ཆ་རྐྱེན་ཡང་མེད་པ་རེད། ཡིན་ནའང་ས་ཞིང་བཟུང་ཁྱོན་མུའུ4000ལྷག་ཡོད་པའི་སེར་ཤུལ་འདན་མའི་སྐྱེ་ཁམས་ལྟ་སྐོར་ཞིང་ལས་ཚན་རྩལ་དཔེ་སྟོན་ལྡུམ་ཁུལ་གྱིས་ཁོར་ཡུལ་གནད་འཁེལ་ཚོད་འཛིན་དང་ས་རྒྱུ་མེད་པར་འདེབས་གསོ་བྱས་སྟབས་གནད་དོན་འདི་ཐག་གཅོད་བྱས་པ་རེད། གསར་འགོད་པ་འདི་ན་སླེབས་དུས་དཔེ་སྟོན་ལྡུམ་ར་འདི་ལ་ཕྱོགས་ཀུན་ནས་ཚན་རྩལ་གྱི་རང་བཞིན་རབ་ཏུ་ལྡན་པ་མཐོང་། སྔོ་ཚལ་དྲོ་ཁང་ཆེན་པོར་བཞག་ཡོད་པའི་ཚོར་བརྡ་བརྒྱུད་གཏོང་འཕྲུལ་ཆས་ཀྱིས་ཚོད་ཐིག་པོའི་སྒོས་དྲོ་ཁང་ཁྲོད་ཀྱི་དྲོད་ཚད་དང་། རློན་ཚད། འོད་འཕྲོ་ཚད་སོགས་འཇལ་ཐུབ་པ་དང་། དངོས་པོ་མཉམ་སྦྲེལ་དྲ་བའི་ཚོད་འཛིན་མ་ལག་གིས་ད་དུང་སྔོ་ཚལ་འདི་དག་གི་སྐྱེ་སྲིང་བྱེད་སའི་ཁོར་ཡུག་འགྱུར་རྐྱེན་ལ་ལེགས་སྒྲིག་བྱས་ནས་སྔོ་ཚལ་རྒྱུན་ལྡན་ལྟར་སྐྱེ་ཐུབ་པར་འགན་ལེན་བྱེད་ཐུབ་པ་རེད།

     དཔེ་སྟོན་ལྡུམ་ཁུལ་གྱི་ལག་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་ཐན་མིང་ཀྲེང་གིས་ཚན་རིག་ལག་རྩལ་གྱི་འདུས་ཚད་ངོ་མ་ཡོད་མཁན་ནི་ངལ་གསོ་ལྟ་སྐོར་བྱེད་སའི་སྤྲོ་གསེང་ཞིང་ལས་འགྲེམས་སྟོན་ཚོམས་ཆེན་དེ་རེད་ཅེས་བཤད། གསར་འགོད་པས་འདི་ན་ཡང་དུ་གླང་རྔ་ཁ་བོ་དང་ཡུ་གུ་དཀར་པོ་སྔོ་ཚལ་སྣ་ཚོགས་ཡོད་པ་མཐོང་། ཐན་མིང་ཀྲེང་གིས་ཁྲེང་ཏུའུ་ལ་ཡོད་པའི་སྔོ་ཚལ་ཐམས་ཅད་འདི་ན་ཡོད། འགྲེམ་སྟོན་ཚོམས་ཆེན་ཁྲོད་ཀྱི་སྔོ་ཚལ་དེ་དག་གཤེར་གཟུགས་དང་སྲ་གཟུགས་ཀྱི་རྒྱུ་རྩིའི་ས་མེད་འདེབས་གསོ་བྱེད་སྟངས་གཉིས་སྤྱད་ཡོད་ཅིང་། སྲ་གཟུགས་རྒྱུ་རྩིའི་ས་མེད་འདེབས་གསོ་བྱེད་ཚུལ་དེ་སོག་ཕྱེ་དང་། སོལ་འགྱུར་འབྲུ་རིགས་ཀྱི་ཤུན་ལྤགས། བེ་ཏའི་ཤུན་ལྤགས། བྱེ་རྡོ་སོགས་བེད་སྤྱོད་བཏང་ནས་སྔོ་ཚལ་འདེབས་གསོ་བྱས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

     སེར་ཤུལ་རྫོང་འདན་མའི་སྐྱེ་ཁམས་ཞིང་ལས་ལྟ་སྐོར་ཚན་རྩལ་དཔེ་སྟོན་ལྡུམ་ཁུལ་དེར་ད་དུང་དབུལ་སྐྱོར་གྱི་ནུས་པ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ལྡུམ་ཁུལ་དེས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་མེད་པའི་མཐོ་གྲང་ས་ཁུལ་གྱི་དབུལ་ཕོངས་གྲོང་སྡེ19ཡི་ཐོན་ལས་དབུལ་སྐྱོར་གྱི་དངུལ་རྩ་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་རེད། གྲོང་སྡེ་དབུལ་ཕོངས་དང་མང་ཚོགས་དབུལ་ཕོངས་ཀྱིས་བསྡུར་གྲངས་ལྟར་ཁེ་སྤོགས་བགོ་ཆོག་པ་རེད། དྲན་འཁོར་ཡུལ་ཤོག་ཆོས་སྡེ་གྲོང་སྡེའི་དུད་ཚང་དབུལ་ཕོངས་ཀྱི་ཁྱིམ་བདག་འཇམ་དབྱངས་རབ་གསལ་ད་ལྟར་ལྡུམ་ཁུལ་གྱི་ལས་བཟོ་ཡིན། ཁོས་ད་ལྟར་ཟླ་བ་རེར་གླ་ཕོགས་སྒོར4500བླངས་ཡོད་པ་དང་། ཁྱིམ་ནང་གི་ས་ཞིང་མུའུ4དེ་ལྡུམ་ཁུལ་ལ་སྤོ་བསྒྱུར་བྱས་རྗེས་ལོ་རེར་ཡོང་འབབ་སྒོར1120རག་ཐུབ་པ་དང་མ་རྐང་འཇོག་པའི་ཁེ་སྤོགས་སྒོར600ཡས་མས་བགོ་ཐུབ་པ་རེད།

    ཐན་མིང་ཀྲེང་གིས་གཞི་གྲངས་ལས་མངོན་པ་ལྟར་ན། ན་ལོར་ལྡུམ་ཁུལ་དེས་སི་ཁྲོན་དང་། མཚོ་སྔོན། བོད་ལྗོངས་སོགས་མཐོ་སྒང་ཞིང་འབྲོག་ས་ཁུལ་གྱི་མང་ཚོགས་ལ་སྔོ་ཚལ་ཏུན2000ལྷག་མཁོ་སྤྲོད་བྱས་ཡོད། སང་ལོར་ཏུན་ཁྲི་གཅིག་བར་འཕར་ཐུབ་རྒྱུ་རེད། སྒྲིག་ཆས་ལག་རྩལ་ལ་བརྟེན་པའི་སྔོ་ཚལ་དྲོ་ཁང་ཆེན་པོ་དང་ས་མེད་སྔོ་ཚལ་འདེབས་འཛུགས་བྱེད་པའི་ལག་རྩལ་དེ་མཐར་ཐུག་ཡུལ་དེའི་གྲོང་མིར་བསླབ་རྒྱུ་རེད། དེ་དུས་བོད་ཁུལ་མང་ཚོགས་ཀྱིས་རང་གི་ཁྱིམ་དུ་སྔོ་ཚལ་འདེབས་འཛུགས་བྱེད་ཆོག་པ་རེད་ཅེས་བཤད་པ་རེད།།


  • ལེ་ཚན་སྔོན་མ།:དཔལ་ཡུལ་རྫོང་གིས་ཞིང་པའི་ཆེད་ལས་མཉམ་འབྲེལ་ཁང་གི་ཚོང་གཉེར་ལག་ཁྱེར་དང་པོ་སྤྲད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་པར་ལེན་མཐུན་ཚོགས་ཀྱི2019ལོའི་ལས་ཀའི་གྲོས་ཚོགས་དར་རྩེ་མདོ་རུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།