ན་གཞོན་འབོད་པའི་ཀ་ཕྲེང་།

པདྨ་བསྟན་འཛིན།        2019-07-19

ཀ་ཡེ་གསོན་དང་རྩམ་ཟན་ན་གཞོན་ཚོ། །

ཁ་བ་རིགས་པའི་རྒྱུད་འཛིན་བྱེད་པོ་དག །

ག་ཡང་ལེ་ལོ་རྣམ་གཡེང་མེད་པ་ཡིས། །

ང་ཅག་མ་འོངས་ཆེད་དུ་མནོ་བསམ་མཛོད། །


ཅ་ཅོ་ཆེ་བའི་གྲོང་ཁྱེར་ནང་དུ་འཁྱམས། །

ཆ་ལུགས་མི་མཐུན་སྤྱོད་པ་སྣ་ཚོགས་པ། །

ཇ་ཆང་ཁ་དང་མི་འབྲལ་ཉིན་རེ་བཞིན། །

ཉ་མོ་ལྕགས་ཀྱུས་བཟུང་བཞིན་གཞན་དབང་ཉིད། །


ཏ་ལེན་སྟོང་པར་ཤེས་བྱའི་ནོར་བུ་མེད། །

ཐ་ཤལ་སྤྱོད་པ་གྲུ་ཟུར་གང་སར་ཁྱབ། །

ད་དུང་རྨོངས་པའི་གཉིད་ལས་མ་སད་ན། །

ན་གཞོན་ལང་ཚོ་ཚོར་མེད་བརླག་པ་འདུག །


པ་ཕའི་བཀའ་སློབ་རྣ་བའི་རྒྱབ་ཏུ་སྐྱུར། །

ཕ་མེས་གཡང་ནོར་འཕྲལ་གྱི་ཚོང་ལ་སྒྱུར། །

བ་མོ་མི་བཞོ་ཞིང་ས་རྒྱབ་ཏུ་འདོར། །

མ་མ་གངས་ལྗོངས་འཚོ་རྟེན་བརླག་ལ་ཉེ། །


ཙ་རི་གནས་བཟང་བསྐོར་བའི་དོན་ཡང་མེད། །

ཚ་གྲང་དཀའ་སྡུག་བཟོད་པའི་ཐོན་སྐྱེད་མེད། །

ཛ་གླང་རྒྱན་འཛུགས་སྤྱོད་པ་མ་བརྩམས་མེད། །

ཝ་ལེ་ཡིད་ལ་བསམས་ན་གཏིང་ནས་སྐྱོ། །


ཞ་རིལ་ཇི་བཞིན་གཞན་ཡུལ་མྱུལ་བ་མེད། །

ཟ་མ་ལྷད་མེད་རྩམ་པ་རྒྱབ་ཏུ་བསྐྱུར། །

འ་འུར་གཞན་སྐྱོན་གླེང་ལ་ཤིན་ཏུ་དགའ། །

ཡར་མོ་ལུང་གི་སྣོད་བཅུད་ཉམས་ལ་སོམས། །


ར་རོའི་རྨོངས་གཉིད་ད་ནི་མ་སད་ན། །

ལ་ལུང་གང་སར་བོད་ལུགས་ཉིན་སྐར་རེད། །

ཤ་ཁྲག་གཅིག་པའི་བུ་ཚོ་རིག་པ་སྒྲིམས། །

ས་ཕྱོགས་གང་དུ་སླེབས་ཀྱང་རང་རྩིས་ཟུངས། །


ཧ་ཧ་ད་ནི་མནོ་བསམ་མ་བཞེས་ན། །

ཨ་མའི་བུ་ཕྲུག་ཁྲེལ་བའི་གཞི་རུ་འགྲོ། །

ཧ་ལམ་བརྗོད་ཚིག་བཟང་པོ་མེད་ན་ཡང་། །

ཨ་ཙི་སྙིང་གཏམ་ཡིན་པས་ཐུགས་ལ་ཞོག །

  • ལེ་ཚན་སྔོན་མ།:མ་ཡུམ་ལ་ཕུལ་བའི་སྨོན་ཚིག་མུ་ཏིག་ཆུན་པོ།
  • ལེ་ཚན་རྗེས་མ།:ཀ་རྩོམ་བསླབ་བྱའི་འགྱུར་ཁུགས།