མ་ཡུམ་ལ་ཕུལ་བའི་སྨོན་ཚིག་མུ་ཏིག་ཆུན་པོ།

བློ་བཟང་ཟླ་བ།        2019-07-19

ཀ་བ་ཉི་ཤུས་འདེགས་པའི་གྱང་ཁང་ནང་།།

ཁ་ཏ་བསླབ་བྱ་གནང་བའི་མ་ལུ་ཁྱེད།།

ག་ལེར་བརྩིས་དུས་དགུང་ལོ་བརྒྱད་ཅུར་ཟིན།།

ང་རང་བཟའ་མི་ཡོངས་ཀྱི་བསོད་ནམས་ལགས།།


ཅ་ཅོ་ཟིང་ཆ་ཆེ་བའི་རྒྱ་གྲོང་ན།།

ཆ་རྒྱུས་ཡོད་མེད་མི་ཚོགས་མང་ན་ཡང་།།

ཇ་ཆང་ཙམ་གྱིས་འབྲེལ་བ་ཕྲན་བུ་ལས།།

ཉ་ལ་ཆུ་ལྟར་དྲིན་ཆེན་ཁྱེད་ལས་སུ།།


ཏ་ལེ་ལང་ཚོའི་བཞིན་རས་གཉེར་མས་གང་།།

ཐ་ན་གནག་སྣུམ་དབུ་སྐྲ་དུང་ལྟར་དཀར།།

ད་སྐབས་འགྲོ་འདུག་ཚེ་ཡང་འོ་བརྒྱལ་ཡང་།།

ན་ཚའི་ཉེ་ཞོ་དཀོན་འདི་སྐྱིད་ཅིག་རེད།།


པ་ཏྲས་མཚན་པའི་ལག་འཁོར་རྒྱུན་དུ་བསྐོར།།

ཕ་རོལ་གཏན་གྱི་སྐྱབས་གནས་དཀོན་མཆོག་རྟོན།།

བ་གམ་མཐོན་པོའི་སྐུ་གསུང་ཐུགས་རྟེན་ལ།།

མ་གཡེང་རྩེ་གཅིག་གསོལ་བ་རྒྱུན་དུ་བཏབ།།


ཙ་ར་ཟབ་ལ་ཡལ་འདབ་ཁོ་ལག་ཡངས།།

ཚ་ཟེར་འགོག་པའི་སྟར་ག་གདུགས་ཆེན་འོག།

ཛ་ཡའི་ཞལ་ཚབ་ཡང་དག་བླ་མ་ལས།།

ཝ་ལེར་དམ་པའི་ལྷ་ཆོས་བདུད་རྩི་ལོངས།


ཞ་འོན་ལུས་ཀྱི་དུཿཁཾ་ཇེ་མང་ཡང་།།

ཟ་འཐུང་འགྲོ་འདུག་ཀུན་ལ་གཟབ་བྱེད་ན།།

འ་ཅག་ཁྱིམ་མི་ཀུན་གྱི་སེམས་ཁྲལ་ཉུང་།།

ཡར་ངོའི་ཟླ་ལྟར་ཡུན་དུ་འཚོ་བར་ངེས།།


ར་བར་ཉི་མ་ལྡེ་ཞོར་མ་ཎི་བགྲངས།།

ལ་གཏམ་ལུང་གཏམ་མ་མང་ཕྱི་དོན་རེམ།།

ཤ་ཚ་སྙིང་རྗེ་སྒོ་ཟོག་ལ་ཡང་གྱིས།།

ས་ཐོབ་བྱང་སེམས་ཡོངས་ལ་དང་བ་སྐྱེད།།


ཧ་ཅང་དྲིན་ཆེན་ཁྱེད་ཀྱིས་ཐོག་དྲངས་པའི།།

ཨ་མ་ཡོངས་ལ་ཚེ་རིང་ནད་མེད་ཅིང་།།

ཧ་ཅང་དགའ་བདེའི་དཔལ་གྱིས་ཡིད་ཚིམ་སྟེ།།

ཨ་ཧོ་བདེ་ལྡན་ཞིང་དུ་མཇལ་བར་སྨོན།།

  • ལེ་ཚན་སྔོན་མ།:ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།
  • ལེ་ཚན་རྗེས་མ།:ན་གཞོན་འབོད་པའི་ཀ་ཕྲེང་།