ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།

གངས་ཆར།        2019-07-19

         ཉི་ཟླ། 

ཉི་མ་དང་ཟླ་བ། 

སྒེར་སེམས་ཟེར་བའི་ཐ་སྙད་ལ་རྒྱུས་མངའ་མེད་ཅིང་།

དགུང་ཨ་སྔོན་དུ་མཐོན་པོར་གནས་ཀྱང་།

མཐོན་པོ་མཐོན་པོ་ཞིག་གི་སྤོབས་ཉམས་མེད་ལ།

རྫིག་པོ་རྫིག་པོ་ཞིག་གི་རྫིག་རལ་ཡང་མེད།

མཐོ་ས་ནས་དམའ་སར་དྲོ་སྐྱིད་སྟེར་ནུས་པའི།

དྲིན་ཆེན་གྱི་ཉི་ཟླར། གུས་འདུད་ཞུའོ།

ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།


      ཕ་ཡུལ་དང་ཕ་མ།

དྲིན་ཆེན་གྱི་ཉི་ཟླའི་གཤམ་དུ་གངས་རི་ཡོད།

དད་པ་ལྟ་བུའི་གངས་རིའི་གཤམ་དུ་ཕ་ཡུལ་ཡོད།

གངས་རི་ལྟར་གཅེས་པའི་ཕ་ཡུལ་དུ་ཕ་མ་ཡོད།

ཕ་ཡུལ། རང་ཉིད་ཀྱི་ཁྱིམ་གཞིས་དྲོན་མོ།

ཁྱེད་ཡོད་པས། ང་ཕྱུག་པོ་ཡིན་བསམ།

ཕ་མ། དྲིན་ཆེན་གྱི་ཕ་མ།

ཁྱེད་གཉིས་ཡོད་པས། ངའི་འཚོ་བར་འོད་སྣང་ལྡན།

ཕ་ཡུལ་དང་ཕ་མ།

ཉི་ཟླ་ལྟར་གྱི་བཀའ་དྲིན། འོད་དུ་འཚེར།

རྒྱ་མཚོ་ལྟར་གྱི་བཀའ་དྲིན། གཏིང་དུ་ཟབ།

སྙིང་ཉེ་བའི་ཕ་ཡུལ་དང་ཕ་མར། གུས་འདུད་ཞུའོ།

ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།


      བཤེས་གཉེན།

སྨག་རུམ་གྱི་ཡོལ་བའི་ངོས་ནས།

ཅི་ཡང་མི་མཐོང་བར་སྦར་མྱུལ་རྒྱག་དུས།

འོད་ཟེར་གཟུགས་སུ་སྤྲུལ་བའི་བཤེས་གཉེན་དམ་པས།

མར་མེའི་འོད་སྣང་གང་སར་བཀྲམ་རྗེས།

ཡོལ་བའི་ངོས་ཀྱི་དཔེ་ཆ་དག་རིག་བྱུང་།

དཔེ་ཆ་དེ་དག་ལས།

མདུན་ངོས་ཀྱི་ལམ་བུ་ཁྲ་ལྷམ་མེར་གསལ་བྱུང་།

བཤེས་གཉེན་གྱི་འོད་སྣང་གང་སར་འཕྲོས་སོང་།

འཚོ་བ་ཡི་ངོ་རིས་གསལ་ལྷང་ངེར་མངོན་བྱུང་།

རླབས་ཆེ་བའི་བཤེས་གཉེན། གུས་འདུད་ཞུའོ།།

ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།

       མ་འོངས་པ།

མ་འོངས་པ།

མཐོང་རྒྱུ་མེད་ཅིང་ཐོས་རྒྱུ་མེད།

རྒྱུས་མངའ་ཡང་མེད་པའི་ལམ་ཕྲན་ཞིག་གིས།

ཉི་ཟླའི་འཆར་ནུབ་དང་ལྷན་དུ་ང་ཚོ་སྒུག་ཡོད།

ཆུ་ཚོད་དང་སྐར་མའི་གསེང་ནས་ང་ཚོ་སྒུག་ཡོད།

གལ་ཏེ། ངོ་མ་ཡིན།

རང་སེམས་ལ་ནག་པོའི་རྡུལ་གྱིས་མ་འགོ་ཚེ།

མ་འོངས་པ་ནི་མཚར་སྡུག་ལྡན་པའི་ལམ་ཞིག་གོ།

མ་འོངས་པ་ལགས། གུས་འདུད་ཞུའོ།།

ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།

  • ལེ་ཚན་སྔོན་མ།:སྤྲིན་ནང་གི་སྙན་ངག
  • ལེ་ཚན་རྗེས་མ།:མ་ཡུམ་ལ་ཕུལ་བའི་སྨོན་ཚིག་མུ་ཏིག་ཆུན་པོ།