སྤྲིན་ནང་གི་སྙན་ངག

མགར་ཐང་དཀར། མཚོ་ལྷོ།        2019-07-18

གློ་བུར་མུན་པ་འཐིབ་ཐེངས་རེར།

ངའི་སྣང་བའི་ཕྱི་ནང་དུ།

གསལ་ལ་མི་གསལ་བའི་སྤྲིན་པ་འཁྲུག

 

སྤྲིན་པས་ཉི་འོད་སྒྲིབ་ཐེངས་རེར།

འཚང་ཁ་རྒོལ་བའི་མི་ཚོགས་ཀྱིས།

གང་ཟེགས་ཀྱི་དྲན་པ་བཀག

 

ཆབ་རོམ་གྱི་ཧྲག་བར་ནས།

ང་ཁེར་ཧྲེང་ངེར།

ལུང་པའི་ཕུ་ཐག་རིང་བའི་ག་ཤེད་ནས།

གཉིད་ལ་ཡུར་ནས་སད་མ་ཐུབ།

 

དུས་དེ་རུ།

རྦབ་རྡོ་དང་གཡའ་མས།

ང་ལ་གནས་ཚང་གསར་བ་ཞིག་བསྐྲུན།

 

ག་ལེར་ག་ལེར།

སྤྲིན་གྱི་བང་རིམ་ནས་རབ་རིབ་ཀྱི་ཐ་སྙད་གཏོར་ནས།

ཐ་སྙད་ཀྱི་ལྕི་ཡང་ང་ལ་ཤེས་སུ་བཅུག

 

རེད་དེ།

སྤྲིན་ནང་གི་སྙན་ངག

བདག་སེམས་ཀྱི་གཙང་བོར་ཞུགས་དུས།

ངས་ད་གཟོད་སྐྱོ་བ་གར་དུ་འཁྲབ་ཚར།

 

ཀྱི་ཧུད།

སྤྲིན་ནང་གི་སྙན་ངག

ཕ་རོལ་ན་ཕ་རོལ་དང་ཕ་རོལ་གྱི་གསང་བ།

ངའི་རྟོགས་འགྱུ་ཡོད་ཚད།

རིག་ལམ་གྱི་མེ་ལ་གཞེས་ནས།

ཆུ་རྐྱང་ཙམ་དུ་གྲུབ་ཟིན།

 

ཨེ་མ།

སྙན་ངག་དང་སྙན་ངག་གི་བྱེ་བྲག

གཏམ་རྒྱུད་དང་གཏམ་རྒྱུད་མེ་ལོང་།

 

མིན།

དེ་ནི་མེ་ལོང་ནང་གི་བསྟི་གནས་ཡིན་ལ།

ཤ་ཞེན་གསེར་གྱི་རྨུ་ཐག་ཡིན།


  • ལེ་ཚན་སྔོན་མ།:བསྟོད་ཚིག་མེ་ཏོག་ཕྲེང་བ།
  • ལེ་ཚན་རྗེས་མ།:ཡིད་ཀྱི་རྡོ་རིང་། སེམས་ཁོང་གི་མར་མེ་ཚེ་འབར།