ཕེང་ཆིང་ཧྭས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་ཏུ་གསུང་བཤད་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-07-17

     

ཕེང་ཆིང་ཧྭས་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཚོགས་ཆེན་ཐོག་ཏུ་གསུང་བཤད་གནང་།

   སྤྱི་ཟླ7པའི་ཚེས12ཉིན་ཞིང་ཆེན་ཡོངས་ཀྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཚོགས་ཆེན་དེ་ཁྲེང་ཏུའུ་ལ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཕེང་ཆིང་ཧྭ་ཚོགས་ཆེན་ནང་ཕེབས་ཤིང་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སི་ཁྲོན་ལས་ཀའི་ཐད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་རིམ་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་ཞིང་། ཁྱོན་ཡོངས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ཁག་དོན་ཐོག་འཁྱོལ་བ། གནས་བབ་ལས་འགན་ཁོང་དུ་ཆུད་པ། སྲིད་ཇུས་ཀྱི་རྒྱབ་སྐྱོར་ཇེ་དྲག་ཏུ་གཏོང་བ། རྫོང་ཁོངས་དཔལ་འབྱོར་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ནས་སི་ཁྲོན་བཅོས་སྐྱོང་དར་འཕེལ་གཏོང་བ་དེ་སྐས་རིམ་གསར་པ་ཞིག་ལ་སླེབས་པའི་རྨང་གཞི་སྲ་བརྟན་གཏང་དགོས།

     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱིན་ལིས་ཚོགས་ཆེན་གྱི་གཙོ་འགན་བཞེས། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི་ཁོ་ཙུན་ཕིང་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གྲོས་ཚོགས་ནང་ཞུགས་ཡོད།

     ཕེང་ཆིང་ཧྭས་གསུང་བཤད་ནང་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྫོང་ཁོངས་བཅོས་སྐྱོང་དང་རྫོང་ཁོངས་འཕེལ་རྒྱས་ཐད་ལ་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་བ་དེས་ང་ཚོས་རྫོང་ཁོངས་ལས་ཀ་ཁག་ཡག་མོ་བསྒྲུབ་རྒྱུར་གཞི་འཛིན་ས་ཞིག་བཞག་ཡོད། མིག་སྔར་རང་རེའི་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་དེ་སྤྱིར་བཤད་ན་མཆོང་བརྒལ་ཡོང་བ་དང་སྤུས་ཚད་མཐོར་འདེགས་ཡོང་བ། འགུལ་ནུས་བརྗེ་སྤོར། གྲོང་ཡུལ་འདྲེས་པ། སྒོ་འབྱེད་མཐུན་སྦྱོར་བཅས་གནད་འགག་གི་དུས་སུ་སླེབས་ཡོད། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་རྨང་གཞི་ཡོད་ལ། མི་མངོན་པའི་ནུས་ཤུགས་ཡོད་པ། གོ་སྐབས་ཡོད་ལ་ཆ་རྐྱེན་ཡང་ཡོད། ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་གནས་བབ་གསར་པ་དང་ལས་འགན་གསར་པ་དམ་དུ་བཟུང་ནས་ཏན་ཏིག་གིས་འགན་འཁྲི་ཁུར་བའི་འདུ་ཤེས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་འཛིན་ཞིང་། སྤུས་ཚད་མཐོན་པོས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་བ་དང་། ཧུར་ཐག་གིས་ཕྱོགས་བསྡུས་དངོས་ཤུགས་མཐོ་རུ་ཕྱིན་པ། འགུལ་ནུས་བསྒྱུར་སྤོར་ཐོད་བརྒལ་ཐུབ་པ། ནོར་སྲིད་འགན་སྲུང་མངོན་གསལ་དུ་ཇེ་དྲག་ཡོང་བ། དམངས་འཚོ་ཆུ་ཚད་རྒྱུན་སྲིང་དུ་ལེགས་སུ་གཏོང་བའི་དམིགས་འབེན་ལས་འགན་གྲུབ་གང་ཐུག་བྱ་དགོས།

     ཕེང་ཆིང་ཧྭས་ནན་གསུང་གནང་དོན། བཅོས་བསྒྱུར་སྒོ་འབྱེད་ཇེ་ཟབ་གཏོང་ཞིང་། ཏན་ཏིག་གིས་ཡུལ་ཤོག་སྒྲིག་གཞི་བཅོས་བསྒྱུར་དང་གྲོང་ཡུལ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་སྒྲིག་གཞི་བཅོས་བསྒྱུར། ཐོན་ཁུངས་གསར་སྦོལ་གྱི་ཁེ་ཕན་མཉམ་སྤྱོད་ལམ་སྲོལ་བཅོས་བསྒྱུར། རྫོང་ཁོངས་ཀྱི་མ་དངུལ་འཇོག་བསྡུའི་སྒྲིག་སྲོལ་བཅོས་བསྒྱུར། འཇོན་ལྡན་མི་སྣ་འགུགས་གསོ་སྤྱོད་སོགས་ཀྱི་སྒྲིག་སྲོལ་བཅོས་བསྒྱུར་བཅས་ཡག་མོ་བསྒྲུབས་ནས་རྒྱུད་ཆད་མེད་པར་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་སྐུལ་སློང་བྱ་དགོས། བསྔགས་སྐུལ་གྱི་ཁྲིད་ཕྱོགས་གསལ་སྟོན་་བྱེད་པ་དང་སྲིད་ཇུས་ཀྱི་བསྔགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དཔྱད་ཞིབ་བསྔགས་སྐུལ། ལས་སྒྲུབ་བསྔགས་སྐུལ་བཅས་ཇེ་དྲག་ཏུ་གཏོང་བ། གཅིག་གྱུར་ཁྲིད་སྟོན་བྱ་རྒྱུར་ཤུགས་བསྣན་ཏེ་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་སྲིད་གཞུང་གི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་བཀོད་སྒྲིག་ཁག་དོན་ཐོག་འཁྱོལ་བར་སྐུལ་འདེད་གཏང་དགོས། གཞན་ཡང་རྫོང་དང་གྲོང(གྲོང་ཁྱེར་དང་ཆུས)གི་འགོ་ཁྲིད་ཚོགས་པའི་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་སྡེའི་ཆེད་ལས་འཇོན་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོན་པོའི་འཕེལ་རྒྱས་དང་འཕྲོད་མཐུན་ཡོང་བའི་ནུས་པ་ཇེ་དྲག་བསྣན་དགོས།

     དབྱིན་ལིས་གྲོས་ཚོགས་ཕྱོགས་བསྡོམས་གསུང་བཤད་གནང་དུས་གསུངས་དོན། ཞིང་ཆེན་ཡོངས་ཀྱི་ས་གནས་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྫོང་ཁོངས་བཅོས་སྐྱོང་དང་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་དང་བླང་བྱ་ཁོང་དུ་གཏིང་ཟབ་ཆུད་པ་བྱེད་པ་དང་། མ་སྐུལ་དང་བླངས་ཀྱིས་རྒྱབ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་སྣ་ཚོགས་གཅིག་བསྡུས་ཀྱིས་བེད་སྤྱོད་བྱས་ཤིང་། སྔ་ལས་ལྷག་པར་བསམ་བློ་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་སྒྱུར་བྱས་ཏེ་དེ་བས་ཆེན་པོའི་ནུས་ཤུགས་དང་དེ་བས་སྤྱོད་གོ་ཆོད་པོའི་ཐབས་ཤེས་ཐོག་ནས་རང་རེའི་ཞིང་ཆེན་གྱི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་དེ་ཆུ་ཚད་གསར་པའི་ཐོག་སླེབས་པ་བྱ་དགོས།

ཚོགས་ཆེན་དེ་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པས་འཚོགས་པ་དང་། གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁྱེར་དང་ཆུས)སོ་སོར་ཡན་ལག་ཚོགས་ར་བཙུགས་ཡོད། ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཞིང་དཔོན་གཞོན་པ་ཝང་ནིང་གིས་གཟེངས་བསྟོད་ཆོད་ཡིག་བསྒྲགས་པ་རེད། ཕེང་ཆིང་ཧྭ་དང་དབྱིན་ལི། ཁོ་ཙུན་ཕིང་། ཏེང་ཞའོ་ཀང་བཅས་རྣམ་པས་གཟེངས་བསྟོད་ཐོབ་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྫོང་སྟོབས་འབྱོར་ལྡན་པ་དང་སྔོན་ཐོན་གྱི་རྫོང་། ཡར་ཐོན་ཡོང་བའི་རྫོང་ལ་སྒོ་བྱང་གནང་བ་རེད།།


  • ལེ་ཚན་སྔོན་མ།:དབྱིས་རིགས་ཀྱི་ཞིང་སྡེའི་ལག་རྩལ་པས་བོད་ཡུལ་དུ་ནུས་རྩལ་ངོམས།
  • ལེ་ཚན་རྗེས་མ།:ལུང་བསྟན་རྩྭ་ཐང་དུ་གཟུགས་མེད་རིག་གནས་ཀྱི་དྲི་བསུང་འཐུལ།
  • དོ་སྣང་ཆེ་བའི་རྩོམ།