གསེར་ཐར་རྫོང་གི་མང་ཚོགས་དབུལ་ཕོངས་ཁང་གསར་ནང་དུ་སྤོས།

ཀུན་དབང་གིས་བྲིས་ཤིང་པར་བླངས།        2019-07-15

 

གསེར་ཐར་རྫོང་གི་མང་ཚོགས་དབུལ་ཕོངས་ཁང་གསར་ནང་དུ་སྤོས།

    ལམ་དང་སྒོ་ཁ་ལ་ཡུལ་ཚོའི་ཐོན་ལས་ཡོད། ཁང་པ་གསར་བ་བསྐྲུན་ནས་ཁང་གསར་ནང་དུ་སྤོས། དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་འདི་གསེར་ཐར་དུ་ཚ་ཚ་འུར་འུར་ངང་ལེགས་འགྲུབ་འབྱུང་བཞིན་པའི་སྒང་ཡིན། ཁང་རྙིང་ནང་ནས་ཕྱིར་སྤོ་བ་དང་ལས་དོན་གསར་བ་རྙེད་པ། ལུང་པ་ནས་ཕྱི་རུ་འགྲོ་བ། དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་ནས་ཕུགས་འདུན་གསར་པར་འབད། གནས་སྤོ་དབུལ་སྐྱོར་གྱི་བྱ་བཞག་འདིར་བརྟེན་ནས་གསེར་ཐར་རྫོང་གི་མང་ཚོགས་དབུལ་ཕོངས་ཀྱི་ཁྱིམ་ཚང་གི་ཆ་རྐྱེན་ལེགས་བཅོས་ཆེན་པོ་བྱུང་ཡོད།

    གསར་འགོད་པས་རྒྱུས་ལོན་བྱས་པར་གཞིགས་ན། སྤྱི་ཟླ7པའི་ཚེས6ཉིན་གསེར་ཐར་རྫོང་སྟག་རྩེ་ཡུལ་ཚོ་རུ་ཡོད་པའི་བོད་ལུགས་ཁྱིམ་གསར་མང་པོ་དང་ཨར་འདམ་གཞུང་ལམ་ནི་ཡུལ་ཚོའི་ཁྱད་ཆོས་གསར་པར་གྱུར། སྡེ་བ་ནང་དུ་ལུས་འཁྲུད་ཁང་དང་ཆུ་དྲོད་ཆས། རིག་གནས་ཐང་ཆེན། སྡེ་བ་རིམ་པའི་བྱེད་སྒོ་སྤེལ་ཁང་སོགས་ཐུན་མོང་སྒྲིག་ཆས་གང་ལེགས་ཡོད་ཅིང་ཡུལ་ཚོའི་ནང་བདེ་སྐྱིད་ཀྱི་ཚོར་བས་ཁེངས་ཤིང་མང་ཚོགས་ཀྱི་གདོང་ལ་དགའ་སྐྱིད་ཀྱི་འཛུམ་མདངས་མངོན་བཞིན་བདེ་སྐྱིད་ཀྱི་འཚོ་བ་རོལ་གྱིན་འདུག

    སྨི་གྲུ་བཞི་མ80ཡོད་པའི་ཁང་པའི་ནང་དུ་བོད་ལུགས་ཁྱིམ་ཆས་དང་། བརྙན་འཕྲིན་སོགས་ཁྱིམ་ཆས་གང་ཡག་ཡོད། ར་སྐོར་ནང་གི་རང་སྦུག་ཆུ་ནི་དྭངས་ཤིང་གཙང་བ་དང་། ཟུར་འགྲམ་གྱི་ལུས་འཁྲུད་ཁང་དུ་ནམ་ཡང་ཆུ་ཚ་མོ་ཡོད་ཅིང་ལུས་པོ་རང་འདོད་ངང་བཀྲུ་ཆོག

     གསེར་ཐར་རྫོང་སྟག་རྩེ་ཡུལ་ཚོའི་གནས་སྤོ་ཡུལ་མི་ཕྱོགས་བསྡུས་བཀོད་སྒྲིག་བྱེད་ཡུལ་གྱི་ཁྱིམ་ཚང35ནི་ཡོ་འགབ་མ་སྡེ་བ་དང་། བྲག་དམར་སྡེ་བ། ཕུག་དམར་སྡེ་བ། ས་ནག་མདོ་སྡེ་བ། མཛོ་རྒན་ཐང་སྡེ་བ། ན་རྫོང་ཐང་སྡེ་བ་སོགས་ནས་གནས་སྤོ་བྱེད་པའི་མང་ཚོགས་དབུལ་ཕོངས་ཡིན། རང་གི་སྒོར་མོ་གཅིག་ཀྱང་སྤྱོད་མི་དགོས་པར་ཁང་པ་གསར་བའི་ནང་དུ་འདུག་ཆོག་རྒྱུ་ནི་དངོས་གནས་སྐྱིད་འོས་པ་ཤིག་རེད། སྔོན་ཆད་ཀྱི་འཚོ་བ་དང་བསྡུར་ན་ད་ལྟའི་འཚོ་བ་ནི་དངོས་གནས་བདེ་སྐྱིད་ཡིན། ཏང་དང་སྲིད་གཞུང་གི་སྲིད་ཇུས་ཡག་པོ་འདི་དག་མེད་ན་ཁྱིམ་ཚང་དབུལ་ཕོངས་ལ་ཁང་པ་སྐྱིད་པོ་འཛོམས་ག་ལ་ཐུབ་ཅེས་ཕྱོགས་བསྡུས་སྡོད་གནས་བཀོད་སྒྲིག་བྱ་ཡུལ་གྱི་གྲོང་མི་མགོན་པོ་ཡིས་དགའ་སྤྲོའི་ངང་དེ་ལྟར་ཟེར།

    རྫོང་དབུལ་སྐྱོར་གསར་གཏོད་ཅུས་ཀྱི་ཅུས་ཀྲང་གཡུང་དྲུང་གིས་གསར་འགོད་པར་བཤད་རྒྱུར། གསེར་ཐར་རྫོང་གིས་ཁྱོན་བསྡོམས་མ་དངུལ་སྒོར་ཁྲི1895སྤྱད་པའི་གསེར་ཁོག་གྲོང་རྡལ་གནས་སྤོ་ཡུལ་མིའི་ཕྱོགས་བསྡུས་བཀོད་སྒྲིག་བྱེད་སའི་ལམ་དུ་མིག་སྔར་སྣུམ་སྙིགས་བླུགས་ཚར་བ་དང་ཉི་ནུས་གློག་སྒྲོན130སྒྲིག་སྦྱོར་བྱས་ཚར་བས། སྤྱིའི་བཟོ་སྐྲུན་ཀྱི་ཚད་བརྒྱ་ཆ98ལ་ཟིན་ཡོད། མ་དངུལ་སྒོར་ཁྲི134བཏང་བའི་སྙི་སྟོད་ཡུལ་ཚོའི་གནས་སྤོ་དབུལ་སྐྱོར་ཕྱོགས་བསྡུས་བཀོད་སྒྲིག་ལྟེ་གནས་ཀྱི་རྨང་གཞིའི་སྒྲིག་ཆས་ལེགས་འགྲུབ་བྱུང་ནས་ལས་གཞི་མཇུག་འགྲིལ་ཡོད། མ་དངུལ་སྒོར་ཁྲི684བཏང་བའི་གསེར་ཐར་རྫོང་གི་ཡུལ་ཚོ་སོ་སོའི་འཛུགས་སྐྲུན་ལས་གཞི་ནི་ལེགས་འགྲུབ་བྱུང་ཡོད། སྤྱིའི་མ་དངུལ་སྒོར་ཁྲི380བཏང་བའི་གསེར་ཐར་རྫོང་གི་ཡུལ་ཚོ་སོ་སོའི་ཐུན་མོང་སྤྱོད་ཁང་དེ་མིག་སྔར་ལེགས་འགྲུབ་བྱུང་། མ་དངུལ་སྒོར་ཁྲི1100སྤྱད་པའི་སྡེ་བ73གྱི་གྲོང་སྡེའི་འཚོ་བའི་གད་སྙིགས་གཙང་སེལ་སྒྲིག་ཆས་དང་བརྒྱུད་འདྲེན་སྒྲིག་ཆས་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། མ་དངུལ་སྒོར་ཁྲི1161སྤྱད་པའི་བོད་ཁུལ་གཞིས་གསར་ཁྱིམ་ཚང387བཅོས་སྐྲུན་དང་གསར་སྐྲུན་ལས་གཞི་ལེགས་འགྲུབ་བྱུང་། མ་དངུལ་སྒོར་ཁྲི2238.1སྤྱད་པའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་སྡེ་བ་གསར་པའི་ལས་གཞིའི་མ་ལག77ལག་བསྟར་བྱས།

མཐོ་ས་ལ་དམིགས་ཤིང་དམའ་ས་ནས་ལག་ལེན་བྱས། ཉེ་བའི་ལོ་ཁ་ཤས་རིང་། གསེར་ཐར་རྫོང་གིས་གཞིས་གསར་ལས་གཞི་དང་དམངས་ཕན་ལས་གཞི་སོགས་ཟབ་སྤེལ་བྱས་ནས། གནས་སྤོའི་དབུལ་སྐྱོར་ཁྱིམ་ཚང1493དང་བོད་ཁུལ་གཞིས་གསར2117ས་གཤིས་གནོད་རྐྱེན་ཐེབས་པའི་གནས་སྤོ་ཁྱིམ་ཚང299སོགས་ཀྱི་ཁང་པ་ལེགས་འགྲུབ་བྱུང་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་ལ་ཞལ་འདེབས་ཕུལ།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་སྟག་རྩེད་ཡུལ་ཤོག་གི་ལྟེ་བའི་སློབ་ཆུང་ལ་རོགས་དངུལ་སྒོར་ཁྲི་བཅུ་དགུ་ལྷག་ཐོབ།
  • དོ་སྣང་ཆེ་བའི་རྩོམ།