ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་ལ་ཞལ་འདེབས་ཕུལ།

ཀུན་དབང་གིས་བྲིས་ཤིང་པར་བླངས།        2019-07-15

   

ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་ལ་ཞལ་འདེབས་ཕུལ།

   ཉེ་ཆར། ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་དུ2019ལོའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་སློབ་སྦྱོང་ལ་འབད་བརྩོན་ཆེ་བའི་སློབ་མར་བརྩེ་སེམས་མཚོན་པའི་ཞལ་འདེབས་བྱེད་སྒོ་སྤེལ་བ་རེད། ཁུལ་ཨུའི་རྒྱུན་ཨུ་དང་གསེར་ཐར་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཞལ་འདེབས་འབུལ་བའི་བྱེད་སྒོར་ཞུགས་ཤིང་གསུང་བཤད་གནང་བ་དང་། གསེར་ཐར་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ཞལ་འདེབས་འབུལ་བའི་བྱེད་སྒོའི་གཙོ་སྐྱོང་བྱས།

   ཞལ་འདེབས་འབུལ་བའི་བྱེད་སྒོ་ཐོག གསེར་ཐར་རྫོང་སློབ་གསོ་དང་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཁྲེང་ཧུའུ་ཡིས་གཏམ་བཤད་བྱས་པ་དང་། ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་རྫོང་དམར་དམག་སློབ་ཆུང་གི་སློབ་མའི་འཐུས་ཚབ་པར་དཔེ་ཆ་དང་སློབ་སྦྱོང་ཡོ་བྱད་སོགས་གནང་སྦྱིན་བྱས་པ་ལ་གསེར་ཐར་རྫོང་དམར་དམག་སློབ་ཆུང་གི་སློབ་མས་བཀའ་དྲིན་ཞུས་པ་དང་། ཧོ་པིའོ་ཡིས་ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱི་དབུ་ཁྲིད་ལ་ཁ་བཏགས་ཕུལ་བ་རེད།

    ཅང་སུའུ་ཧྥུང་ཧུང་སློབ་གསོ་པར་སྐྲུན་ཚད་ཡོད་སྤྱི་གཉེར་ཁང་གི་འགོ་གཙོ། ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཀུའུ་ཧྭ་མིང་གིས་ཅང་སུའུ་ཞིང་ཆེན་པར་སྐྲུན་ཁང་གི་ཚབ་བྱས་ནས་གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲི་ལྔ་ལྷག་གིས་སྤྲོ་སེམས་ཆེན་པོའི་ངང་སྣེ་ལེན་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཞུས་པ་དང་། ཁོང་གིས་གསེར་ཐར་ནི་མཚོ་བོད་མཐོ་སྒང་ཤར་ལྷོ་ཕྱོགས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ནོར་བུ་ལྟ་བུའི་ས་གནས་ཤིག་ཡིན་ལ། གསེར་ཐར་མི་དམངས་ལོ་སུམ་སྟོང་ཙམ་གྱི་སྔོན་ནས་གནས་འདིར་འཚོ་གནས་བྱས་ཡོད་པས་མི་རིགས་རིག་གནས་ཕུན་སུམ་ཚོགས་པ་རེད། གནས་འདི་ནི་གླིང་རྗེ་གེ་སར་རྒྱལ་པོའི་གཏམ་རྒྱུད་འབྱུང་ཁུངས་ཀྱི་ཡ་གྱལ་ཞིག་ཡིན་ལ། དམངས་སྲོལ་བབ་ཆགས་དང་ཡུལ་ལྗོངས་ཁྱད་དུ་འཕགས་པ་ཞིག་ཀྱང་ཡིན་ཞིང་། གསེར་ཐར་ལ་གཟི་བརྗིད་ལྡན་པའི་གསར་བརྗེའི་སྲོལ་རྒྱུན་ཡོད་པ་རེད། དམར་དམག་རྒྱང་སྐྱོད་བྱེད་སྐབས་གནས་འདིར་ཕེབས་ཡོད་པས་སི་ཁྲོན་ཞིང་ཆེན་གྱིས་གསར་བརྗེའི་གཞི་འཛིན་སར་གཏན་འཁེལ་བྱས་ཡོད།

     ཧོ་པིའོ་ཡིས་གསེར་ཐར་རྫོང་ཨུ། རྫོང་སྲིད་གཞུང་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ཁྲི་ལྔ་ལྷག་གིས་ཚབ་བྱས་ནས་ཅང་སུའི་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་རེད།

     ཧོ་པིའོ་ཡིས་བསྟན་དོན། གསེར་ཐར་ནི་རྒྱལ་ཡོངས་ཀྱི་རྫོང་དབུལ་ཕོངས189ཡི་ཁྲོད་ཀྱི་གཅིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་སྐྱོར་ནི་སྤོབས་སྐྱོར་དང་རིག་སྐྱོར་བཅས་དང་ཟུང་འབྲེལ་བྱེད་དགོས་ཞེས་གསུངས་པ་ནང་བཞིན། ཅང་སུའུ་ཞིང་ཆེན་པར་སྐྲུན་འགྲེམ་སྤེལ་མཐུན་ཚོགས་ཀྱིས་གསེར་ཐར་ལ་དཔེ་ཆ་དང་སློབ་སྦྱོང་སྤྱོད་ཆས་སོགས་གནང་སྦྱིན་བྱས་ཡོད་པས། གསེར་ཐར་རྫོང་གི་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་དང་བྱིས་པ་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་བར་བསམ་པའི་རྒྱུ་ནོར་གནང་ཡོད། སྤྱོད་བཟང་འདི་དག་གིས་དགེ་བཀུར་སློབ་སྐྱོང་གི་སྲོལ་བཟང་དར་སྤེལ་གཏོང་བ་དང་། སློབ་མ་དང་སློབ་གསོ་བཅས་ལ་ཐུགས་ཁུར་གནང་བའི་བླ་ན་མེད་པའི་བརྩེ་སེམས་མཚོན་པ་ཞིག་ཡིན།།


  • ལེ་ཚན་སྔོན་མ།:བོད་པའི་བུ་མོ་ལོ་བཅུ་དགུ་ཅན་ཞིག་གི་སོར་རྩེའི་གར་སྟབས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་མང་ཚོགས་དབུལ་ཕོངས་ཁང་གསར་ནང་དུ་སྤོས།
  • དོ་སྣང་ཆེ་བའི་རྩོམ།