དྲན་པའི་སྤང་ལ་སྐྱོ་བའི་མེ་ཏོག་བཞད།

སི་ཏུ།        2019-07-10

མི་སེམས་རབ་ཏུ་དཀོན་པས་འཇིག་རྟེན་ཆུང་།།

ཞེ་ཉེ་བར་ཐག་དོག་པས་ཁེར་རྐྱང་བ།།

མི་ཡུལ་མཛེས་པ་མི་འཛིན་སྐྱོ་སྣང་བ།།

དབྱངས་གསལ་ཡི་གེ་ཕབ་པས་ཅི་ཞིག་བྱེད།།


དབྱར་ཟླ་ཁུ་བྱུག་མེད་པའི་དུས་ཚིགས་ལ།།

མིས་བཟོས་སྐྱེལ་ཚལ་མཛེས་རུང་ཡིད་མ་མགུ།།

ལྟ་བ་རི་ནས་ཞོགས་པའི་ཀུ་ཅོ་བས།།

མཚན་མོ་མུན་ནག་གོན་པས་བཀོད་པ་ཆུང་།།


ཆུ་བོ་དར་ལ་ཆགས་པའི་རང་གཤིས་ཀྱིས།།

བག་ཡོད་བློ་ཁ་མ་སྨིན་ནུབ་ཇ་འདིས།།

ནང་ཁྲོལ་མེ་ལ་སྦར་བའི་འདུ་ཤེས་ཀྱིས།།

ཉལ་ཁྲི་ཆུ་ལ་ནུབ་པའི་རྨི་ལམ་སངས།།


དམ་ཚིག་ཨ་ལོང་དམར་བོའི་སྲིབ་ཁ་ནས།།

གས་ཆག་འཇིག་ཉེན་རྟོགས་པའི་སྣང་བ་ཤར།།

ཉི་ཟླ་དཔང་ལ་བཞག་པའི་དྲན་ཐོ་དེས།།

སླར་ཡང་རང་ཚིགས་རྙེད་པའི་དཔའ་བོ་བཅའ།།


རྣམ་ཤེས་དམ་ལ་བཏགས་པའི་རྣམ་སྨིན་ལས།།

ལས་འབྲས་ཚོགས་བསགས་དོད་པའི་སྐར་གྲངས་ཤིག།

ཁ་སེམས་གཏིང་ནས་དུངས་བའི་ལས་མཐུན་དེར།།

ཚེ་རབས་གཏན་གྱི་དྭངས་མའི་དྭངས་མ་ཡིན།།


ས་ཆེན་ཉི་མས་ཁེབས་པའི་གནམ་འོག་ནས།།

ངུ་སྐད་ཡུལ་ལ་གཏོར་བའི་གྱོང་རྒུད་དེས།།

སེམས་ཀྱི་འཆར་སྒོར་བཤམ་པའི་མེ་ལོང་ངོས།།

འཕྲིན་པའི་ཡིག་ཆུང་ནག་པོ་ཤར་ཤར་བཞུར།།

  • ལེ་ཚན་སྔོན་མ།:ཆགས་བྲིད།
  • ལེ་ཚན་རྗེས་མ།:མ་ཡུམ་སི་བོད་ལ་ཕུལ་བའི་གཞས་ཆུང་།