ཆགས་བྲིད།

སི་ཏུ།        2019-07-10

སྣང་བ་ཁ་དོག་གི་སྒེའུ་ཁུང་།།

ཇི་འདྲའི་ཡ་མཚན་ཞིག་ཡིན་ན།།

རྨི་ལམ་མཐོ་སྒང་གི་དར་ལྕོག།

རྣམ་ཤེས་རླུང་བུ་ལ་གཟད་སོང་༎

མེ་ཏོག་གཤོག་པ་ཡི་འཇའ་ཚོན།།

ཧ་ཅང་མཛེས་པ་ཞིག་ཡོད་ན།།

རྨོངས་རྟོག་ན་གཞོན་གྱི་སྤོབས་པ།།

མུན་པ་མུ་གེ་ཞིག་མིན་ནམ།།

དྲན་པ་ཚོར་ཤེས་ཀྱི་བག་ཡོད།།

ངོ་མ་ཡིན་ཚོད་ཅིག་བདེན་ན།།

ཡིད་སེམས་དྭངས་གཙང་གི་མེ་ལོང་།།

བརླན་དང་ཆར་གྱིས་ནི་བཙའ་འདུག།

རླུང་བུ་མི་ཁ་ཡིས་ཞྭ་མོ།།

གཏོར་བཤིག་ཚ་པོ་ཞིག་ཡིན་ན།།

འཆིང་རྟེན་དངུལ་དཀར་གྱི་འགུ་ཡ།།

མདངས་མེད་ལྕགས་རིགས་ཀྱི་ངོ་སོ།།

བྱེའུའི་འུག་པ་ཡི་མགོ་བོ།།

མཚན་མོ་ཟླ་འོད་ལ་ཆགས་ན༎

བསྟོད་པ་སྙན་ངག་གི་ཐ་ཚིག།

ཅུང་ཙམ་འགུལ་བ་ཡང་མི་འདུག།

དུག་སྦྲུལ་མཛེས་མ་དེའི་གསང་ཨང་།།

མེ་ཕུང་སྒམ་ཆུང་དུ་བཅུག་ནས།།

ཞོགས་པ་དུས་ཚོད་ཀྱི་ཅོང་སྒྲ།།

ལྷན་ཅིག་སྙི་རྒྱ་ལས་གྲོལ་བ།།

  • ལེ་ཚན་སྔོན་མ།:བརྩེ་གཞས་དོ་ཤལ་སྨུག་ཆུང་།
  • ལེ་ཚན་རྗེས་མ།:དྲན་པའི་སྤང་ལ་སྐྱོ་བའི་མེ་ཏོག་བཞད།