ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་པའི་ཕན་འབྲས་ཆེ།

ཀུན་དགས་བསྒྱུར་ཞུས་བྱས།        2019-07-10

ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་བྱས་པའི་ཕན་འབྲས་ཆེ།

    མགར་ཐར་གསེར་ལྗོངས་ཕྱུག་མོ་རུ་གཡུ་སྦྲང་གཞོན་ནུས་དར་དིར་གླུ་དབྱངས་བླངས། མགར་ཐར་བྱམས་པ་གླིང་དུ་ཚངས་པའི་གླུ་སྒྲས་ས་གཞི་ཀུན་ནས་དཀྲོགས། དེ་ན་དམར་ནག་འདྲེས་མའི་འཁྱམ་ལམ་རིང་མོ་ཞིག་རྒྱང་རིང་ལ་བརྐྱངས་པའི་གཡས་གཡོན་ཀུན་ཏུ་པད་ཁའི་མེ་ཏོག་སོགས་བཞད་ཡོད་ཅིང་། བསིལ་རླུང་བརྒྱབ་ཐེངས་རེར་སྣ་ཁུང་དུ་མེ་ཏོག་གི་དྲི་ཞིམ་འཐུལ། ཕྱོགས་བཞི་མཚམས་བརྒྱད་ནས་འོང་པའི་ཡུལ་སྐོར་བ་ཚོས་སྤྲོ་སྣང་ལྡན་པའི་སེམས་ཁམས་དྭངས་མ་རེ་ཁྱེར་ཏེ་གནས་འདིར་ཡར་རྒྱུག་མར་རྒྱུག་བྱེད་པ་དང་དྲན་རྟེན་གྱི་འདྲ་པར་བླངས་པ་ནི་རྒྱུན་ལྡན་གྱི་རྣམ་པ་ཞིག་ཏུ་གྱུར་ཡོད། སྤྱི་ཟླ6པའི་ཚེས25ཉིན། གསར་འགོད་པ་རྟའུ་རྫོང་ཞི་བདེ་ཡུལ་ཤོག་གདོང་ལེན་གྲོང་སྡེར་འགྲོ་དུས་མིག་ལམ་དུ་མཐོང་བ་ནི་མཛེས་ཤིང་སྡུག་པའི་པད་ཁའི་མེ་ཏོག་དང་ལྟ་སྐོར་སྟེགས་བུ། ཚོང་བཤམས་ཆུང་གྲས། ཁྱད་ལྡན་གནས་ཚང་སོགས་ཡིན་ཞིང་། ལོ་ལྟར་ཡུལ་སྐོར་བའི་གཟུགས་བརྙན་དེ་པད་ཁའི་མེ་ཏོག་དང་མཉམ་དུ་བཞད་པས་པད་ཁའི་མེ་ཏོག་དེ་པད་ཁའི་དཔལ་འབྱོར་དུ་གྱུར་ཡོད་པ་རེད།

    ཕུན་ཚོགས་ནི་རྟའུ་རྫོང་ཞི་བདེ་ཡུལ་ཤོག་གདོང་ལེན་གྲོང་སྡེའི་གྲོང་མི་ཡིན་ཞིང་། ཁོ་བཟའ་ཟླ་གཉིས་ལ་ནད་གཞི་ཕོག་ཡོད་པའི་རྐྱེན་གྱིས་ལས་ཀ་ལྗིད་པོ་ལས་ཐབས་བྲལ་བ་རེད། དེའི་ཐོག་ཕྲུ་གུ་གཉིས་ཀྱང་སློབ་ཞུགས་བྱེད་བཞིན་ཡོད་པས་ཁྱིམ་གྱི་ཡོང་འབབ་དམའ་བར་སྨོས་ཅི་དགོས། དེར་བརྟེན། 2014ལོར་ཁྱིམ་ཚང་དེ་ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་སུ་གཏན་འཁེལ་བྱས་ཡོད་ཅིང་། དེ་རྗེས་མུའུ་ཁྲིའི་པད་ཁའི་དཔལ་འབྱོར་ལ་བརྟེན་ནས་ཕུན་ཚོགས་ཚང་གི་འཚོ་བར་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་རེད།

སྤྱི་ཟླ6པའི་ཞོགས་པར་ཕུན་ཚོགས་བཟའ་ཚང་གཉིས་པོས་མལ་ལས་ལངས་ཏེ་ཕྱི་ནང་ཀུན་དུ་གད་ཕྱིས་ཐེངས་གཅིག་བརྒྱབ་པས་མ་ཚད་ཡུལ་མིའི་གནས་ཚང་ཁང་དུའང་གད་ཕྱིས་ཐེངས་གཅིག་བརྒྱབ་པ་རེད། ཟླ་བ་འདི་ནི་པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་དུས་ཚིགས་ཡིན་ཞིང་། ཁོང་གཉིས་ཀྱིས་འགྲུལ་པར་སྣེ་ལེན་བྱ་རྒྱུའི་གྲ་སྒྲིག་གང་ལེགས་བྱས་པ་རེད།

    ཕུན་ཚོགས་ཚང་གི་ཡུལ་མིའི་གནས་ཚང་ཁང་དེ་སྤྱི་ལོ2016ལོར་བསྐྲུན་པ་ཡིན་ཞིང་། ཡིག་ཚགས་དང་བྱང་བུ་བཟོས་པའི་དུད་ཚང་དབུལ་ཕོངས་ཀྱི་ཁོངས་སུ་གཏོགས་པས་ཡུལ་སྐོར་དབུལ་སྐྱོར་མ་དངུལ་སྒོར་ཁྲི1དང་། ཚད་ལོན་གསར་སྐྲུན་དུད་ཚང་ལ་སྒོར་ཁྲི1 སྲིད་གཞུང་གི་ཁ་གསབ་སྒོར་ཁྲི1བཅས་ཐོབ་ནས་རང་ཁྱིམ་གྱི་སྒོ་རའི་ནང་སྨི་གྲུ་བཞི་མ60ལ་ཟིན་པའི་ཁྱད་ལྡན་ཡུལ་མིའི་གནས་ཚང་ཁང་ཞིག་བསྐྲུན་ཡོད། 2017ལོར་པད་ཁའི་མེ་ཏོག་རབ་ཏུ་བཞད་པའི་སྐབས་དང་བསྟུན་ནས་འགྲུལ་པའང་མི་ཉུང་བ་ཞིག་འོངས་ཡོད་པས་ཁང་མིག་རེར་ཞག་རེར་སྒོར80བྱས་པ་རེད།

    ཞོགས་པའི་ཆུ་ཚོད་བརྒྱད་པར་ཕུན་ཚོགས་ཀྱིས་ཞོགས་ཟས་བཟས་རྗེས་བྲེལ་འཚུབ་ངང་གྲོང་ཚོའི་ཚོད་མ་གླང་རྔ་རྟེན་གཞིའི་ཕྱོགས་སུ་བསྐྱོད། འདི་ལོའི་ཟླ་བ་གསུམ་པར་རང་ཁྱིམ་གྱི་ཞིང་ས་མུའུ5དེ་མུའུ་རེར་སྒོར520བྱས་ནས་པེ་ཅིང་སྔོ་ཚལ་འདེབས་འཛུགས་སྤྱི་གཉེར་ཁང་ལ་བོགས་གླ་བཏང་བ་རེད། ཁོང་ད་ཆ་ཚོད་མ་གླང་རྔ་རྟེན་གཞིར་ལས་ཀ་བྱེད་ཀྱིན་ཡོད་པས་ཚོད་མ་གླང་རྔ་འདེབས་འཛུགས་བྱེད་རིང་དུ་ཉིན་ལྟར་ཡོང་འབབ་སྒོར120རག་གིན་ཡོད་པ་དང་། གལ་ཏེ་ལས་སྣོན་བྱེད་འདོད་ཡོད་ན་ཡོང་འབབ་སྒོར150རག་གིན་ཡོད། ཕྱི་དྲོའི་ཆུ་ཚོད6གི་རྗེས་སུ་སྤྱི་གཉེར་ཁང་གིས་ཉིན་དེའི་གླ་ཆ་ཁོང་ཚོར་རྩིས་སྤྲད་བྱས་པ་རེད།

   ཕུན་ཚོགས་ཀྱིས་དགའ་འོས་པ་ཞིག་ལ་བཞག་བྲ་ལྷ་རྩེ་དེ་མཛེས་ལྗོངས་ཁུལ་དུ་བསྒྱུར་ཡོད་པས་རྫོང་དེའི་ཞི་བདེ་ཡུལ་ཤོག་གི་དུད་ཚང་ཡོངས་ལ་བཞག་བྲ་ལྷ་རྩེ་གསར་སྦོལ་བྱས་པའི་ཐོན་ཁུངས་ཁ་གསབ་མ་དངུལ་ཐོབ་པ་རེད། ད་ལོར་མི་ཉག་མགར་ཐར་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་མཛེས་ལྗོངས་ཁུལ་དུ་བདམས་པ་དང་། བར་སྨད་གྲོང་རྡལ་ཡང་སི་ཁྲོན་ཞིང་ཆེན་གྱི་ཚོ་དང་པོའི་རིག་གནས་ཡུལ་སྐོར་ཁྱད་ལྡན་གྲོང་རྡལ་ཆུང་ངུར་བདམས་ཡོད། ཕྱིན་ཆད་མི་དེ་བས་མང་པོ་འདིར་ཡུལ་སྐོར་དུ་ཡོང་རྒྱུའི་རེ་བ་ཡོད། ངེད་མགྲོན་ཁང་གི་ཡོངས་འབབ་ནི་ཡུལ་སྐོར་བ་དང་བྲལ་ཐབས་མེད་པ་ཞིག་ཡིན་ཞེས་བཤད།

    བཅར་འདྲི་བྱེད་རིང་དུ་གདོང་ལེན་གྲོང་སྡེའི་ཧྲུའུ་ཅི་དང་པོ་ཡུས་ཞའོ་པོ་དང་གྲོང་སྡེའི་ཀྲི་པུའི་ཧྲུའུ་ཅི་གཡུ་འབྲུག་རྒྱལ་མཚན་གྱིས་ཡུལ་སྐོར་གསར་སྦོལ་སྤྱི་གཉེར་ཁང་དང་གྲོང་ཚོ་རིམ་པའི་བྱེད་སྒོ་སྤེལ་ཁང་བོགས་གཏོང་གྲོས་མཐུན་འཇོག་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་བོགས་གླ་གཏོང་བའི་དུས་ཚོད་ལོ་བཅུ་ཡིན་ཞིང་། ལོ་དང་པོར་བོགས་གླ་སྒོར་ཁྲི8ཡིན་པ་དང་ལོ་གཉིས་པ་ནས་བཞི་པའི་བར་བོགས་གླ་སྒོར་ཁྲི10ཡིན་པ། ལོ་ལྔ་པ་ནས་བདུན་པའི་བར་ལོ་རེར་སྒོར་ཁྲི12ཡིན་པ། མཐའ་མཇུག་གི་ལོ་གསུམ་ནང་ལོ་རེར་སྒོར་ཁྲི14ཡིན་པ་རེད། གྲོང་སྡེའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་པ་དང་བསྟུན་ནས་གྲོང་མིའི་ཡུལ་སྐོར་འཕེལ་རྒྱས་ཁྲོད་རིམ་བཞིན་འདུ་ཤེས་ཟབ་ཏུ་ཕྱིན་ཡོད། ཞིང་ལས་ཐོན་རྫས་དེ་ཡུལ་སྐོར་ཐོན་རྫས་སུ་གྱུར་བ་དང་། ཞིང་ལས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཕྱིན་ནས་གྲོང་མིར་འབབ་འཕར་ཡོང་རྒྱུར་སྐུལ་མ་ཐེབས་ཡོད་པ་རེད།

    གྲོང་སྡེའི་ཡུལ་སྐོར་དར་འཕེལ་བྱུང་བ་དང་ཆབས་ཅིག ཞི་བདེ་ཡུལ་ཤོག་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ཞིང་ལས་ཀྱི་ཐོན་སྐྱེད་ནུས་པ་རྐྱང་པ་དེ་སྤྲོ་གསེང་ལྟ་སྐོར་དང་། སྣོད་བཅུད་སྲུང་སྐྱོང་། རིག་གནས་རྒྱུད་འཛིན་སོགས་ཀྱི་ནུས་པ་སྣ་མང་རྒྱ་སྐྱེད་གཏང་རྒྱུ་ཡིན་པ་རེད། མིག་སྔར་རྫོང་དེས་ཆེད་ལས་ཀྱི་འཆར་འགོད་ཚོགས་པ་གདན་དྲངས་ནས་ཞིང་ལས་དེ་ཡུལ་སྐོར་དང་། རིག་གནས། ལུས་རྩལ་བཅས་དང་མཉམ་འདྲེས་བྱས་ཏེ་ཞིང་ཁུལ་དེ་མཛེས་ལྗོངས་ཁུལ་དུ་འགྱུར་བ་དང་། ཞིང་གྲོང་མེ་ཏོག་ལྡུམ་རར་འགྱུར་བ། ཞིང་ལས་ཐོན་རྫས་ཚོང་ཟོག་ཏུ་འགྱུར་བ་བཅས་བྱས་ནས་ཡུལ་སྐོར་ལ་བརྟེན་ནས་གྲོང་སྡེའི་དཔལ་འབྱོར་ལ་སྐུལ་ཁྲིད་བྱ་རྒྱུ་ཡིན་པ་རེད།།

  • ལེ་ཚན་སྔོན་མ།:ཏེང་ཞའོ་ཀང་གིས་དཀར་མཛེས་ཁུལ་དུ་བརྟག་ཞིབ་གནང་།
  • ལེ་ཚན་རྗེས་མ།:ལི་ཐང་རྫོང་འཇའ་བ་གྲོང་རྡལ་གདོང་དྲུག་གྲོང་སྡེའི་སྔོ་ཚལ་དྲོད་ཁང་ཆུང་ཆུང་ལས་ཕན་འབྲས་ཆེན་པོ་ཐོན།
  • དོ་སྣང་ཆེ་བའི་རྩོམ།