འགྲོ་མགོན་དགོན་པའི་ལོ་རྒྱུས་སྐྱ་རེངས་གསར་པ་།

ངག་དབང་བརྩོན་འགྲུས།        2019-07-09

བསྟན་པའི་མངའ་བདག་བདག་འཛིན་རང་གྲོལ་ནམ་མཁའ་ལྷུན་གྲུབ་སྐྱེ་དགུའི་རྗེ།།

རྗེ་བཙུན་འགྲོ་འདྲེན་འདྲེན་པ་མཉམ་མེད་བློ་གྲོས་རྒྱལ་མཚན་ལྔ་རིག་བདག།

བདག་སོགས་འགྲོ་ཀུན་ཀུན་གྱི་མགོན་གཅིག་འཆི་མེད་རྣམ་པར་རྒྱལ་བ་མཚན།།

མཚན་སྙན་གྲགས་དཀར་དཀར་གསལ་ཟླ་གཞོན་སྐལ་བཟང་བདེ་འབྱུང་གཙུག་གི་རྒྱན།།

དེ་ལ་འདིར་བཞག་གསར་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་ནི་དྲི་མེད་ལྷ་དར་དཀར་པོའི་ལ་ཐོད་ཀྱིས་བཅིངས་པའི་རི་རྒྱུད་དུ་ཆགས་པའི་བོད་ཆེན་པོ་འདི་ལ་སྟོད་ན་མངའ་རིས་སྐོར་གསུམ་བར་ན་དབུས་གཙང་རུ་བཞི་སྨད་ན་མདོ་ཁམས་སྒང་དྲུག་ལས་ཕྱི་མ་སྤོ་འབོར་སྒང་གི་ཆར་གཏོགས་པ་ཁམས་ལི་ཐང་བཞག་གསར་ཞེས་བྱ་བའི་ས་ཡི་ཐིག་ལེ་ཞི་ཁྲོ་དམ་པ་རིགས་བརྒྱའི་གནས་ཀྱི་གཡས་ཟུར་ས་ཡི་ཀ་བ་བཞི་དང་སྲུང་བཞི་ཚང་བའི་ཕུན་སུམ་ཚོགས་པའི་གནས་དེར་ཆགས་ཡོད།དགོན་འདི་ཐོག་མར་ཕྱག་འདེབས་པ་པོ་ནི་སེ་ཁྱུང་ངམ་སེང་ཁྱུང་དབྲ་ཡི་གདུང་རྒྱུད་ལས་གྲོལ་བའི་འགྲོ་མགོན་ཆེན་པོ་ནམ་མཁའ་ལྷུན་གྲུབ་ཡིན།བླ་རབས་སྲིད་པའི་རྒྱུད་བཤད་ལས།འདིར་སེང་ཁྱུང་དབྲའི་མི་རྒྱུད་ལས་བྱུང་བའི་བླ་མའི་གདུང་རབས་ཅུང་ཟད་བཤད་ན།སྤྱི་བོད་ཁ་བ་ཅན་གྱི་མི་རྒྱུད་ལ་རིགས་མང་ཡང་གཙོ་ཆེ་བ་བོད་མི་བུ་གདུང་དྲུག་ཡིན།དེ་ཡི་ནང་ནས་སེང་ཁྱུང་དབྲའི་རྒྱུད་པ་ལ་མི་རྒྱུད་དང་བོན་རྒྱུད་གཉིས་ཡོད།འདིར་བོན་རྒྱུད་ལའང་གཙོ་ཆེ་བ་འགྲོ་མགོན།དབྲ་པ།སུ་ཚང་།ཁ་རག་ཁོད་སྤུངས་སོགས་མང་དུ་བྱོན།དེ་ཡི་ནང་ནས་དར་སྔ་བ་འགྲོ་མགོན་ཡིན།ཞེས་གསུངས་སོ།།དུས་རབས་བདུན་པའི་ནང་ས་སྟེང་འགྲོ་བ་ཡོངས་ཀྱི་འདྲེན་པ་ཆེན་པོ་བཅུ་ཕྲག་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་སྤོབས་པ་རྙེད་ཅིང་ཀུན་ཏུ་བཟང་པོའི་ཞལ་མངོན་དུ་གྱུར་པའི་མཁས་གྲུབ་རྒྱུ་སྐར་ཕྲེང་བའི་དབུས་ན་ཉ་རྒྱས་ཀྱི་ཟླ་བ་བཞིན་གསལ་བའི་འགྲོ་མགོན་ཆེན་པོ་ནམ་མཁའ་ལྷུན་གྲུབ་རིན་པོ་ཆེས་བཀྲ་ཤིས་དུས་བཟང་གི་ཚེས་ལ་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་འདི་ཉིད་གསར་བཞེངས་གནང་བ་ཡིན་ཏེ།དབྲ་སྟོན་རིན་པོ་ཆེའི་བཅའ་ཡིག་གི་རིམ་པ་ངོ་མཚར་གཟུགས་མང་ལས།ཅེས་པ་འདི་ནི་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དུས་ནས་བྱོན་པའི་འགྲོ་མགོན་ནམ་མཁའ་ལྷུན་གྲུབ་ཀྱི་གདན་ས་ཞེས་གསུངས།འགྲོ་མགོན་ནམ་མཁའ་ལྷུན་གྲུབ་ནི་དུས་རབས་བདུན་པ་རྒྱལ་པོ་སྲོང་བཙན་སྒོམ་པོ་དང་དུས་མཉམ་པ་ཡིན་ཏེ།བླ་རབས་སྲིད་པའི་རྒྱུད་བཤད་ལས།རྒྱལ་པོ་སྲོང་བཙན་སྒོམ་པོའི་དུས་སུ་ཡོད།ཅེས་གསུངས་སོ།།སྔོན་སངས་རྒྱས་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་བ་མཆོག་གདུང་རྒྱུད་ཀྱི་རྒྱལ་པོ་སྡེ་དྲུག་གི་ནང་ཚན་རྒྱ་ནག་གི་རྒྱལ་པོ་ཀོང་ཙེ་འཕྲུལ་རྒྱལ་གྱི་མཆོད་གནས་སུ་མཛད་པའི་སྲོལ་བཞིན་རྒྱ་ནག་གོང་མ(ཐང་ཐེ་ཙུང) (唐太宗)མཆོག་གིས་འགྲོ་མགོན་ནམ་མཁའ་ལྷུན་གྲུབ་མཆོད་གནས་སུ་བཀུར་ཞིང་མཎྜལ་སྐུ་གསུང་ཐུགས་རྟེན་དང་རྒྱལ་བའི་སྲས་ཆེན་བརྒྱད་སོགས་རྒྱ་ནག་གི་ལི་མ་ངོ་མཚར་ཁྱད་འཕགས་ཀྱི་གསེར་སྐུ་དུ་མ་འབུལ་བ་ཕུལ་བའི་ལོ་རྒྱུས་དང་།བོད་རྒྱལ་སྲོང་བཙན་གྱི་སྐུ་གཤེན་ཡང་ཡིན།དཔེར་ན་རྒྱ་བོད་གཉེན་སྒྲིག་གི་དུས་སུ་ཀོང་ཇོ(文成公主)དང་བོད་རྒྱལ་གཉིས་ལ་དབང་བསྐུར་གནང་བའི་ལོ་རྒྱུས་ཡོད་དེ།དེ་ཉིད་ལས།རྒྱ་བཟའ་ཀོང་ཇོ་དང་བློན་པོ་མགར་དུམ༼  སྲོང་བཙན༽ གཉིས་ལ་དབང་བསྐུར་གནང་།རྒྱ་ནག་གི་སྐུ་འདྲ་མང་པོ་འབུལ་བ་ཕུལ།ཞེས་གསུངས་སོ།།དེ་ནས་རྣལ་འབྱོར་ཆེན་པོ་འགྲོ་མགོན་བུ་འབོར་སྤྲུལ་སྐུ་བྱོན་ནས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་པ་དང་མཆོག་གིས་གཏེར་དྲངས་བའི་ཡེ་ཤེས་དབལ་མོའི་གསེར་སྐུར་ཁྲུས་གསོལ་ན་ཆར་དབབ་པ་དང་གསོལ་བ་བཏབ་ན་འཇིགས་པ་སེལ་བ་ལུས་ལ་བཅང་ན་དགྲས་མི་ཚུགས་པ་སོགས་ལོ་རྒྱུས་ལྡན་པའི་རྟེན་ཁྱད་འཕགས་ད་ལྟ་རྟེན་གསུམ་ཁྲོད་དུ་བཞུགས།དེ་ནས་དུས་རབས་བཅུ་གཉིས་པའི་མཇུག་ཙམ་ལ་མཁས་པའི་དབང་པོ་འགྲོ་མགོན་སྲས་པོ་བློ་གྲོས་རྒྱལ་མཚན་བྱོན་ནས་འགྲོ་ཀུན་སྨིན་གྲོལ་གྱི་ལམ་ལ་བཀོད།སྨད་མདོ་ཁམས་འགྲོ་མགོན་གྱི་གདུང་རྒྱུད་དང་སྟོད་དུ་འ་ཞ་བློ་གྲོས་སོགས་ཀྱི་གདུང་རྒྱུད་གཅིག་ལས་གྲོལ་བ་རྒྱུད་བཤད་ལས།ཕ་ཚོ་གཅིག་བཞག་གསར་ཕྱོགས་སུ་ཆགས་ཡོད།ཅེས་གསུངས་པའི་ཕྱིར།འོ་ན་འགྲོ་མགོན་སྲས་པོ་བློ་གྲོས་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་གཉིས་ལ་ཁྱད་པར་ཅི་ཡོད་ཅེ་ན།འགྲོ་མགོན་སྲས་པོ་བློ་གྲོས་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་གཉིས་གང་ཟག་གཅིག་ཡིན་པ་དང་།འ་ཞ་བློ་གྲོས་རྒྱལ་མཚན་དང་འགྲོ་མགོན་བློ་གྲོས་རྒྱལ་མཚན་གཉིས་འ་ཞའི་གདུང་ལས་འཁྲུངས་པའི་སྐྱེས་བུ་ཐ་དད་པ་གཉིས་ཡིན་ནམ་སྤྱན་དཀྱུས་ཡངས་པའི་གཟུར་གནས་བློ་ལྡན་རྣམས་ཀྱིས་དཔྱད་པར་མཛོད།གང་ལགས་ཤེ་ན་རྟོགས་ལྡན་ཉམས་རྒྱུད་ཀྱི་རྣམ་ཐར་ལས།འ་ཞ་བློ་གྲོས་ཀྱི་སློབ་མ་མཆོག་ཏུ་གྱུར་པ་མདོ་ཁམས་སུ་ཁྲོ་ཚང་ཚུལ་ཁྲིམས་རྒྱལ་མཚན་དང་འགྲོ་མགོན་སྲས་པོ་བློ་གྲོས་རྒྱལ་མཚན་ལས་སོགས་མང་དུ་བྱུང་ངོ་།།ཞེས་གསུངས་པའི་ཕྱིར།རིག་པ་ཀློང་དུ་བརྡོལ་བའི་བླ་མ་དེ་ཉིད་ཀྱི་དབུ་ཀླད་ལས་བྱུང་བའི་རིང་བསྲེལ་བརྒྱ་རྩ་ཕྱི་རབས་རྣམས་ལ་རྗེས་བཞག་གནང་བ་རྟེན་གསུམ་ཁྲོད་དུ་ངོ་མཚར་བྱིན་ཅན་དུ་ད་ལྟ་ཡང་དངོས་སུ་བཞུགས།དེ་བཞིན་དུ་བོན་ཉིད་དབྱིངས་ཤར་དབང་གི་རྒྱལ་པོ།སྣང་སྲིད་དབང་བསྒྱུར་བསྟན་པ་རྒྱལ་མཚན།བདེན་པའི་དོན་གཟིགས་ལྷུན་གྲུབ་དབང་རྒྱལ།སྔོན་སྦྱངས་འཕྲོ་སད་རིན་ཆེན་འོད་ཟེར།བློ་གསལ་དབང་པོ་གཡུང་དྲུང་དབང་ལྡན།བསྟན་འགྲོའི་མགོན་གྱུར་སྦྱིན་པ་རྒྱལ་མཚན།ཐུགས་བསྐྱེད་མཚུངས་མེད་སྨོན་ལམ་ལྷུན་གྲུབ།སྙིང་རྗེའི་གཏེར་འཛིན་རྒྱལ་བ་གཙུག་ཕུད།གང་འདུལ་དོན་མཛད་གྲུབ་ཆེན་འབྲུག་གྲགས།ལྟ་བའི་གདེང་ཐོབ་བསོད་ནམས་དབང་རྒྱལ།སྒོམ་པ་མཐར་ཕྱིན་ཚེ་དབང་གཡུང་དྲུང་།སྤྱོད་པའི་རྩལ་རྫོགས་རྣམ་རྒྱལ་གཙུག་ཕུད།མཁྱེན་པའི་དཔལ་མངའ་ཀུན་དགའ་ལྷུན་གྲུབ།མཐའ་ཁོབ་དོན་གཟིགས་བསོད་ནམས་དབང་རྒྱལ།མངོན་ཤེས་རྩལ་ལྡན་ལྷུན་གྲུབ་དཔལ་བཟང་།བསླབ་གསུམ་རྣམ་དག་རྒྱལ་བ་གཙུག་ཕུད།འདུལ་ཁྲིམས་མངའ་བདག་ཤེས་རབ་སེང་གེ  སྡོམ་གསུམ་དམ་པ་ཤེས་རབ་དབང་ལྡན།གསང་སེམས་མངའ་བདག་རྒྱལ་བ་ཚུལ་ཁྲིམས།བླ་མེད་མཛོད་འཛིན་བསྟན་པ་འབྲུག་གྲགས།ཉམས་རྟོགས་ཕུལ་ཕྱིན་གཡུང་དྲུང་ཕུན་ཚོགས།བསྐྱེད་རྫོགས་མངའ་བརྙེས་གར་དབང་རྡོ་རྗེ།ལས་བཞིར་དབང་འབྱོར་གཡུང་དྲུང་སྨོན་ལམ།འགྲོ་བའི་དོན་མཛད་བློ་གྲོས་དཔལ་ལྡན།རང་བྱུང་རྣལ་འབྱོར་གཡུང་དྲུང་ཉི་མ།རྟོགས་པའི་མཐུ་མངའ་ཤེས་རབ་བློ་གྲོས།ལྷག་བསམ་མཐུ་མངའ་གཡུང་དྲུང་རྒྱལ་མཚན།བསྟན་པའི་གཉེར་དཔོན་བསོད་ནམས་དབང་ལྡན།ཟབ་གསང་མངའ་རྙེད་སྐལ་བཟང་བསྟན་རྒྱལ།བསླབ་གསུམ་སྲོལ་འཛིན་ཚེ་དབང་རིག་འཛིན།ཤེས་རབ་ཕུལ་ཕྱིན་ཚུལ་ཁྲིམས་རྣམ་རྒྱལ་སོགས་བསྟན་འགྲོའི་དོན་ལ་ལྷག་བསམ་དཀར་བའི་མཁས་གྲུབ་གཉིས་ལྡན་གྱི་བླ་རབས་བརྒྱ་དང་བཅུ་བཞི་ཞེས་ཡོངས་སུ་གྲགས་པ་བཞིན་ནོ།།གཞན་ཡང་མི་རབས་རེ་ལ་གདུང་རྒྱུད་སྤེལ་བའི་སྔགས་འཆང་རེ་དང་སྡོམ་གསུམ་འཛིན་པའི་འདུལ་འཛིན་རེ་སོགས་གཉིས་རེ་ཡོད་པ་མ་ཟད་འདུལ་འཛིན་གྱི་ཨ་ནེ་རྣལ་འབྱོར་མ་སོགས་དུ་མ་ཡོད་པའི་ལོ་རྒྱུས་ཡོད།གྲུབ་པའི་འཁོར་ལོ་བསྒྱུར་བ་ཚེ་རིང་དར་རྒྱས་ཀྱིས་རྡོ་འཛམ་གསེར་ཆུ་ཕ་བོང་ལས་གཏེར་དྲངས་པའི་གསེར་ནག་མཆོད་རྟེན་བཞིན་དུ་བླ་རབས་དེ་དག་གི་རྫུ་འཕྲུལ་གྱི་རྩལ་ལས་བསྐྲུན་པའི་སྐུ་གསུང་ཐུགས་རྟེན་ཤིན་ཏུ་མང་ཞིང་རྒྱས་པ་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་རྟེན་གསུམ་དཀར་ཆག་མཐོང་བ་རང་གྲོལ་ལ་གཟིགས་པ་མཛོད་ཅིག  ཕྱི་སྣོད་ཀྱི་འགྱུར་ལྡོག་དང་སྐྱེ་འགྲོའི་འཕེལ་འགྲིབ་སོགས་ནི་བཟློག་ཏུ་མེད་པས་སྙིགས་མའི་མེ་འོབས་དང་ཐོག་རྒོད་ཀྱི་ཁྲོད་དུ་རང་དགོན་གྱི་བསྟན་པ་ཉག་ཕྲ་ཞིང་རླུང་ལྷའི་དབྱིངས་སུ་ཐིམ་པ་ལ་ཉེ་བའི་སྐབས་སུ་འགྲོ་མགོན་བླ་མ་ཨ་རྒྱས་བསོད་ལྡན་རིན་པོ་ཆེའི་ཐུགས་རྗེ་ཉག་ཅིག་ལ་བརྟེན་ནས་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་བསྟན་པའི་ཉི་མ་འཚེ་མེད་སྤྲིན་བྲལ་གྱི་མཁའ་ལ་སླར་ཡང་ཤར་རོ།།

བླ་མ་དེ་ཉིད་ཀྱི་བཀའ་དྲིན་དུས་ནམ་ཡང་བརྗེད་ཐབས་བྲལ་ཞིང་དུས་དྲན་ལ་རྩི་སྲུང་བྱེད་པའི་འོས་འགན་འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ལ་ཡོད།ད་ལྟ་འགྲོ་མགོན་དགོན་པའི་བསྟན་པའི་བདག་པོ༧སྐྱབས་རྗེ་ཁྲི་ཆེན་རིན་པོ་ཆེ་མཆོག་སྤྲུལ་ཤེས་རབ་ཚུལ་ཁྲིམས་འཆི་མེད་རྣམ་པར་རྒྱལ་བ་དཔལ་བཟང་པོ་མཆོག་ཡིན།འགྲོ་མགོན་ཁྲི་རབས་བརྒྱ་དང་བཅུ་བཞི་པ༧སྐྱབས་རྗེ་མཆོག་སྤྲུལ་ཤེས་རབ་ཚུལ་ཁྲིམས་རྣམ་རྒྱལ་རིན་པོ་ཆེ་མཆོག་ནི་རབ་བྱུང་བཅུ་དྲུག་པའི་ས་བྱ་ལོར་སྐུ་འཁྲུངས་ཤིང་།སྐུ་ན་ཆེས་ཕྲ་བའི་དུས་ནས་སྐྱེས་སྦྱངས་ཀྱི་ཤེས་རབ་ཡངས་ཤིང་བླ་མ་ཚེ་དབང་རིག་འཛིན་མཆོག་གི་སྐུ་མདུན་ནས་ཡི་གེ་འབྲི་ཀློག་སོགས་ཐོས་ཙམ་མཐོང་ཙམ་ཉིད་ནས་མཁྱེན།དགུང་ལོ་བཅུ་གསུམ་ཐོག་བྱ་བྲལ་བ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་མདུན་ནས་རབ་བྱུང་གི་སྡོམ་པ་བཞེས།སུ་ལ་སྤྲུལ་སྐུ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་ཤར་རྫའི་རྒྱལ་ཚབ་སོགས་མཚན་ལྡན་གྱི་བླ་མ་གྲངས་ལས་འདས་པ་དབུ་ཡི་ཅོད་པན་དུ་བསྟེན་ཞིང་མདོ་སྔགས་རིག་གནས་དང་བཅས་པར་ཐུགས་རྒྱུད་ཕྱུག་པར་གྱུར།རིན་པོ་ཆེ་མཆོག་གྲུབ་པའི་སྐྱེས་བུ་རྣམས་ཀྱིས་སྐྱེས་ཆེན་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་ཚུལ་ནི།དབུ་མ་བདེན་གཉིས་ལས།སྐུ་གསུང་ཐུགས་ཀྱི་རྣམ་སྤྲུལ་དང་།།གང་ལ་ཅི་འདུལ་དེ་བཞིན་དུ།།མོས་བཞིན་སྡེ་སྡོད་བཤད་སོགས་སྣང་།།ཡིད་བཞིན་ནོར་བུ་ཆུ་ཟླ་བཞིན།།ཞེས་གསུངས་པ་ལྟར་བསྟན་དང་འགྲོ་བའི་དོན་དུ་སངས་རྒྱས་དང་སེམས་པའི་རྣམ་རོལ་བསམ་གྱིས་མི་ཁྱབ་པས་བདག་ལྟ་བུར་ཚུལ་བཞིན་སྨྲ་བའི་རྔོ་མི་ཐོགས་ཀྱང་།རིས་མེད་ཀྱི་མཁས་གྲུབ་དུ་མས་ངོས་འཛིན་གནང་ཕྱོགས་སྐོར་ལ།ཁོད་སྤུངས་སུ་ལའི་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ་རིན་པོ་ཆེ་མཆོག་དང་།གཏེར་སྟོན་མཁའ་འགྲོ་མཁའ་སྤྱོད་དབང་མོ་རིན་པོ་ཆེ།ཤར་རྫའི་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེ།བྱ་བྲལ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེ།རྩ་བའི་བླ་མ་ཁྱུང་པོ་བདུད་འདུལ་དང་བླ་མ་ཨ་གཡུང་།ལི་ཐང་དགེ་ལྡན་བྱམས་ཆེན་ཆོས་འཁོར་གླིང་གི་མཁན་ཟུར་བཞག་པ་རིན་པོ་ཆེ་མཆོག་དང་།རྙིང་མའི་རྫ་སྟོད་གྲུབ་ཆེན་སོགས་རིས་མེད་སྐྱེས་ཆེན་དུ་མའི་མ་གྲོས་བསམ་པ་གཅིག་མཐུན་གྱི་སྒོ་ནས་འགྲོ་མགོན་གྱི་སྤྲུལ་སྐུ་སྐལ་བཟང་བསྟན་རྒྱལ་རིན་པོ་ཆེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ་དགུང་གྲངས་བཅུ་བདུན་གྱི་ཐོག་འགྲོ་མགོན་དགོན་པའི་ཡུལ་དགོན་ལྷན་འཛོམས་ཀྱིས་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་གི་བསྟན་བདག་དུ་གསེར་ཁྲིར་མངལ་གསོལ་ཏེ་ཁྲི་རབས་བརྒྱ་དང་བཅུ་བཞི་པའི་ཐུགས་འགན་གཙང་མ་བཞེས་དང་བཞེས་མུས་མཆིས།གཞན་ཡང་གདན་ས་ཤར་རྫའི་མཁན་རིན་པོ་ཆེ་རིན་འཛིན་དབང་རྒྱལ་མཆོག་དང་།འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ཀྱིས་རེ་བསྐུལ་ལྟར།༸སྨྲ་བའི་དབང་པོ་ཡོངས་འཛིན་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་དང།མཁན་རིན་པོ་ཆེ་ལུང་རྟོགས་བསྟན་པ་གཡུང་དྲུང་རྣམ་གཉིས་ཀྱི་དགོངས་པ་ཆེར་བསྐྱེད་ཀྱི་བཀའ་སློབ་གནང་བ་བཞིན།གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་ལྡན་ཁྲི་བརྟན་ནོར་བུའི་རྩེར་འགྲོ་མགོན་དགོན་པའི་དབུ་བླ་རུ་ཁྲི་བཞེངས་གནང་།ཁྱད་པར་དུ་ཞྭ་དཀར་བསྟན་པའི་གཙུག་རྒྱན་གསང་གསུམ་བསྟན་པའི་མངའ་བདག་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་ཡོངས་འཛིན་ཀུན་གྱི་ཐུ་བོ།སྨྲ་བའི་སེང་གེ་སློབ་དཔོན་བསྟན་འཛིན་རྣམ་དག་རིན་པོ་ཆེ་མཆོག་གི་ཞབས་རྡུལ་སྤྱི་བོར་བླངས་ཤིང་དབང་ལུང་མན་ངག་རྣམས་བུམ་པ་གང་བྱོའི་ཚུལ་དུ་མནོས་ཏེ།སྦྱངས་སྟོབས་བློ་གྲོས་ཀྱི་ཉི་མ་ཞྭ་དཀར་བསྟན་པའི་མཁའ་དབྱིངས་སུ་རབ་བརྗིད་ཐུགས་རྗེའི་འོད་སྣང་རིས་མེད་དུ་སྐལ་བཟང་པད་མའི་ཚལ་ཆེན་དུ་ངོམས་མེད་ཕེབས་ཏེ་བསླབ་པ་མཐར་སོན་གྱི་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་སྙན་པད་དཀར་ཀྱི་འདབ་མ་བཞད་པ་ལ་ཉེ་བར་ཕྱོགས་པ་ནི་ང་ཚོ་ལ་མཚོན་ན་སྐལ་བཟང་གི་དགའ་སྟོན་ཞིག་དང་།སྐུ་ཉིད་ལ་མཚོན་ན་བསྟན་པའི་སྙིང་པོ་མདོ་སྔགས་རྫོགས་གསུམ་ལ་ཤེས་རབ་གསུམ་གྱིས་དག་ཐེར་མཛད་པའི་ཚུལ་ལས་མ་འདས།ལྷག་པར་དུ་མཁས་པའི་ཡོན་ཏན་ནི་སྤྱི་ལོ༢༠༠༩ལོར་གཡུང་དྲུང་བོན་གྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་སྦྱངས་འབྲས་རྩེ་ཕུད་སོན་པའི་སློབ་མའི་གཟེངས་རྟགས་ཅེས༧སྐྱབས་རྗེ་སྨྲ་བའི་དབང་པོས་ལེགས་གསོལ་གཟེངས་བསྟོད་ཕྱག་འཁྱེར་གནང་སྟེ།སློབ་མ་ཡོངས་ཀྱི་ཤེས་ཡོན་མཐོར་རུ་གཏོང་རྒྱུའི་སེམས་ཤུགས་སྤར་ཏེ་མིག་དཔེ་བཟང་པོ་ཞིག་ཏུ་བཞག་ཡོད།བཙུན་པའི་ཡོན་ཏན་ནི་སྡོམ་གསུམ་གྱི་ཉེས་ལྟུང་ཕྲ་མོ་ཙམ་ལའང་ཉམས་པ་མེད་པའི་ཚུལ་ཁྲིམས་ལ་གནས་པས་བཙུན་པའི་མཆོག་ཏུ་གྱུར་པ་དང།བཟང་པོའི་ཡོན་ཏན་ནི་གདུལ་བྱ་རྣམས་ལ་སྨིན་གྲོལ་གྱི་རྒྱུན་སྤེལ་བས་བསྟན་པ་འཕེལ་ཞིང་ཡུན་རིང་དུ་གནས་པའི་བཙས་སུ་གྱུར་པ་སོགས་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་བརྒྱན་པའི་བསྟན་འགྲོའི་སྤྱི་དཔལ་དུ་བཞུགས་པ་ཡིན་ནོ།།དགོན་འདི་ནི་གཡས་རུའི་སྟོན་པ་བཅོ་བརྒྱད་ཀྱི་དུས་ནས་རྒྱལ་བ་བྲུ་ཡི་རིང་ལུགས་བཙོ་མ་གསེར་བཞིན་གནང་བ་ཡིན་པས་དེང་སང་ཡང་རྒྱུན་མ་ཉམས་པར་གནང་བཞིན་ཡོད།

དེ་ནས་བླ་མ་རིག་འཛིན་དབང་རྒྱལ་རིན་པོ་ཆེ་མཆོག་ནི་རང་དགོན་འགྲོ་མགོན་དགོན་པའི་བསྟན་འགྲོའི་དོན་ལ་ལྷག་པའི་བཀའ་དྲིན་ཅན་གྱི་བླ་མ་དམིགས་བསལ་བ་ཞིག་ཡིན་ཕྱིར་འགྲོ་མགོན་དགོན་པའི་ལོ་རྒྱུས་ནང་དུ་མ་བཀོད་ཐབས་མེད་ཡིན།རིན་པོ་ཆེ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་མེ་ལུག་ལོ་ཕྱི་ལོ༡༩༦༧ལོར་ཡབ་རྡོ་རྗེ་ཚེ་རིང་དང་ཡུམ་ཚེ་ལྷ་གཉིས་ཀྱི་སྲས་སུ་སྨད་མདོ་ཁམས་ཉག་རོང་གི་གནས་ཆེན་གསང་བ་ཡོངས་རྫོང་ངམ་སྐྱབས་འབྱིན་སེང་ནག་གི་མདུན་ཞོལ་རི་དྭགས་ཞེས་པའི་གྲོང་དུ་བཀྲ་ཤིས་རྟགས་མཚན་དང་བཅས་ཏེ་སྐུ་འཁྲུངས།དགུང་ལོ་དགུ་ཡི་ཐོག་མི་ནུབ་དགོན་པའི་དབུ་ཆེན་ཨ་ཁྱབ་ཀྱི་དྲུང་དུ་རིག་གནས་ཀུན་གྱི་མ་ཕྱི་ཡི་གེ་འབྲི་ཀློག་ནས་མཆོད་པ་བཅའ་བཟོ་སོགས་སྦྱང་།དགུང་ལོ་བཅུ་གསུམ་སྐབས་ནས་མི་ནུབ་དགོན་པའི་ཚོགས་གྲལ་དུ་ཞུགས།དགུང་གྲངས་བཅུ་བདུན་ཐོག་ཚེ་དབང་འགྱུར་མེད་ཀྱི་གདན་སར་བྱ་བྲལ་ཉི་མ་ཚུལ་ཁྲིམས་རིན་པོ་ཆེའི་སྐུ་མདུན་དུ་བྱོན་སྟེ་སྔོན་འགྲོ་བཀའ་ལུང་རྒྱ་མཚོ་དང་སྒོམ་རིམ་ཐར་ལམ་མྱུར་བགྲོད་སོགས་འཕོ་བ་དང་ཨ་གཏད་དངོས་གཞི་ངོར་སྤྲོད་སོགས་དུ་མ་ཞུས།དེ་ནས་ཀུན་མཁྱེན་དཔལ་ཤར་རྫ་པའི་གདན་སར་ཉི་མ་ཚུལ་ཁྲིམས་ཀྱི་སྐུ་མདུན་ནས་རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་རྩ་རླུང་ཞག་བརྒྱ་དང་།རྒྱབ་ཐུར་བཅུད་ལེན།ཨ་ཁྲིདརྗེས་བཞག་སྐོར་གྱི་ཁྲིད་དང་།རྫོགས་པ་ཆེན་པོ་སྐུ་གསུམ་རང་ཤར་གྱི་དབང་བཞི་བཅས་ལེགས་པ་ཐོབ་ཅིང་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་།དགུང་ལོ་བཅོ་བརྒྱད་སྟེང་ནས་ཤར་རྫའི་རི་ཁྲོད་དུ་ཡི་དམ་གསས་མཁར་མཆོག་ལྔ་སོགས་ཀྱི་ལུང་རྒྱུན་དབང་དང་བཅས་པ་ཞུས།དེ་ནས་བཟུང་རྒྱལ་ཚབ་མཐུ་སྟོབས་རྣམ་རྒྱལ་རིན་པོ་ཆེའི་མདུན་དུ་བཞུགས་ཏེ་སྒྲུབ་གྲྭའི་དཔེ་ཁྲིད་དང་བསགས་སྦྱོང་སོགས་ལེགས་པར་གྲུབ་ཅིང་སོ་ཐར་བསྙེན་རྫོགས་ཀྱི་སྡོམ་པ་བླངས།ཉག་བླ་གཡུང་དྲུང་བསྟན་འཛིན་རིན་པོ་ཆེའི་ཞལ་སྔ་ནས་རྫོགས་ཆེན་དབང་བཞི་ཞུས།དེ་ནས་དགུང་གྲངས་ཉེར་གཅིག་ཐོག་ཨ་མདོ་རེབ་གོང་ཡུལ་གྱི་སྐྱབས་རྗེ་བོན་རྒྱལ་ཐམས་ཅད་མཁྱེན་པའི་སྐུ་མདུན་དུ་ཕེབས་ཏེ་སྡེ་སྣོད་རིན་པོ་ཆེ་མཛོད་ཀྱི་ཁྲིད་དང་ཁྲོ་བོ་རམ་པ་དང་ཚེ་དབང་བོད་ཡུལ་མ་སོགས་ཀྱི་དབང་ལུང་གང་མང་ཞུས་ནས་ལོ་ཕྱེད་གཉིས་ལ་དེ་གར་རང་བཞུགས།དེ་ནས་ཨ་མདོ་མཛོད་དགེ་དུ་ཕེབས་ཏེ་མཁས་དབང་ཨ་ལགས་སྐྱོང་སྤྲུལ་དྲི་མེད་རིན་པོ་ཆེ་དབུ་ཡི་ཅོད་པན་དུ་བསྟེན་ཏེ་ལོ་དྲུག་ཙམ་གྱི་རིང་ལ་མདོ་སྔགས་རིག་གནས་དང་བཅས་པ་བུམ་པ་གང་བྱོའི་ཚུལ་དུ་གསན།ཁྱད་པར་དུ་རྫོགས་པ་ཆེ་པོའི་དབང་བཞི་དང་སོ་བྱང་སྔགས་གསུམ་གྱི་སྡོམ་པ་སོགས་མནོས།གཞན་ཡང་རྗེ་བཙུན་ནམ་མཁའ་ཚུལ་ཁྲིམས་རིན་པོ་ཆེ་སོགས་ཀྱི་མདུན་ནས་ཀྱང་གདམས་ངག་གང་མང་བླངས།རྒྱལ་བ་སྨན་རི་བའི་མཁན་ཆེན་སོ་གསུམ་པ་ལུང་རྟོགས་བསྟན་པའི་ཉི་མ་རིན་པོ་ཆེ་ཧོར་དཀར་མཛེས་ནས་ཤར་རྫའི་གདན་སར་ཕེབས་སྐབས་སྨན་རི་བའི་གསེར་ཞལ་ལེགས་པ་མཇལ་ཞིང་བོན་འབྲེལ་ཅི་མང་ཞུས།དགོང་ལོ་ཉེར་བརྒྱད་ནས་ལོ་གསུམ་བར་མི་ནུབ་དགོན་པའི་དགེ་བསྐོས་ཀྱི་འགན་ཁུར་ཏེ་གྲྭ་ཆུང་རྣམས་ལ་ཡི་གེ་སློབ་པ་དང་སྲུང་མའི་ཁང་དུ་སྐུ་བརྙན་རྣམས་བཞེངས་བསྐྲུན་གནང་།དགུང་གྲངས་སོ་གཅིག་སྟེང་ཡམ་ཡུམ་གཉིས་དང་ལྷན་དུ་རྒྱ་ནག་གླང་ཆེན་དང་དབུས་གཙང་ལྷ་ས་སོགས་སུ་མཇལ་སྐོར་ལ་ཕེབས་ཞིང་སླར་རྩ་བའི་བླ་མ་དྲི་མེད་རིན་པོ་ཆེ་དང་སྣང་ཞིག་དགོན་སོགས་སུ་དགུང་ལོ་འགའ་ཞིག་བཞུགས།དགུང་ལོ་སོ་ལྔ་པ་ནས་ཡེ་ཤེས་དགོན་དུ་རྒྱལ་བའི་བཀའ་རིན་པོ་ཆེའི་ལུང་རྒྱུན་ཚང་མ་མཆོག་སྤྲུལ་རིན་འཛིན་དང་བླ་མ་ཨ་རྒྱ་རྣམ་གཉིས་ཀྱི་མདུན་ནས་ལེགས་པ་ཐོབ།ལོ་དེར་མི་ནུབ་དགོན་པའི་ཉེ་འགྲམ་དུ་རི་ཁྲོད་ཞིག་བཏབ་སྟེ་ལོ་རེ་ཟུང་ལ་བཞུགས།ཕྱི་ལོ༢༠༠༢ལོར་ལི་ཐང་འགྲོ་མགོན་གཡུང་དྲུང་བདུད་འདུལ་གླིང་དགོན་ལ་འགལ་རྐྱེན་མ་རུང་བ་ཞིག་གིས་དགོན་པའི་ཆོས་སྒོ་བརྒྱག་སྟེ་བོན་གཏན་ནས་སྤྱོད་མི་ཆོག་པའི་བཀག་བརྒྱག་དང་འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ལ་བཟོད་དུ་མེད་པའི་སྡུག་བསྔལ་ཞིག་གིས་མནར་བའི་ཚེ།ཁྱུང་སྲས་འཕྲིན་ལས་ཀུན་ཁྱབ་རིན་པོ་ཆེས་གསུང་བསྐུལ་དང་།རྒྱལ་ཚབ་བླ་མ་མཐུ་སྟོབས་རིན་པོ་ཆེས་ལུང་བསྟན་ལྟར་མཁན་རིན་པོ་ཆེ་རིག་འཛིན་དབང་རྒྱལ་མཆོག་ལྷག་བསམ་དང་དྲང་བདེན་གྱི་ཁུར་ཆེན་བསྣམས་ཏེ་འགྲོ་མགོན་དགོན་དུ་ཕེབས་ནས་ཟླ་བ་མང་པོའི་རིང་ལ་སྐུ་ངལ་དང་འོ་བརྒྱལ་ལ་གཏན་ནས་མ་འཛེམས་པར།ས་གནས་ཀྱི་རྫོང་རིམ་པ་ཁག་གི་ལས་ཁུངས་དང་ཆུས་ཤང་ཡན་ཆད་ལ་ཞུ་གཏུགས་ལེགས་པར་བྱས་ཏེ་མཇུག་མཐར་ཆོས་སྒོ་འབྱེད་ཆོག་པའི་ཆོག་མཆན་ཐོབ་པ་དང་།བསྡུས་ལེན་བྱས་པའི་རྟེན་གསུམ་མཆོད་ཆ་སོགས་ལྷག་ལུས་མེད་པ་ལག་ཏུ་ཆུད་པ་བྱུང་བར་མ་ཟད་འགྲོ་མགོན་དགོན་པའི་བླ་གྲྭ་ལྷ་སྡེ་དང་བཅས་པ་ཐུགས་མཐུན་ལ་ཁྲིམས་གཙང་ཞིང་ཕ་མ་གཅིག་གི་སྤུན་མཆེད་ནང་བཞིན་དུ་གྱུར་པ་དང་།དེ་ནས་བཟུང་འགྲོ་མགོན་དགོན་པའི་གྲྭ་ཆུང་རྣམས་གྲྭ་སར་མངགས་རྒྱུ་དང་།ཚོགས་ཁང་ཀ་བརྒྱ་མ་བཞེངས་དགོས་པའི་བཀའ་སློབ་དང་།དགོན་ནང་དུ་ནང་བསྟན་ཤེས་རིག་གསར་འཛུག་གནང་བ་སོགས་མཐའ་ན་ཁྱིམ་ཚང་གཉིས་ཀྱི་བར་དུ་གྱོད་གཞི་དང་བཅས་པ་ལ་འཁྲུག་སྡུམ་གནང་སྟེ་གང་ཕན་གང་བཟང་གི་མཛད་པ་རླབས་པོ་ཆེ་མཛད་དང་མཛད་བཞིན་མཆིས།རིན་པོ་ཆེ་མཆོག་ནི་འགྲོ་མགོན་དགོན་པའི་ཡུལ་དགོན་གཉིས་ཀྱི་བཀའ་དྲིན་གསུམ་ལྡན་གྱི་དཔོན་གསས་སུ་གྱུར།ཕྱི་ལོ་༢༠༡༤ལོར་དགུང་ལོ་ཞེ་བརྒྱད་པ་ནས་བཟུང་ཤར་རྫའི་རི་ཁྲོད་དུ་གཏན་སྡོད་གནང་སྟེ།ཕྱོགས་སོ་སོར་ནས་ཁོང་ལ་བསྟེན་པའི་སློབ་མ་རྣམས་མེ་ཏོག་ལ་བུང་བ་འཁོར་བ་བཞིན་ཡོད་པས་འདུས་སྡེ་ཡོངས་ལ་བོན་ཁྲིད་དང་།ཕྱོགས་གང་ས་ནས་གཡུང་དྲུང་གི་བོན་རིན་པོ་ཆེ་ལ་ཞབས་ཕྱི་གང་འོས་ཞུས་ཤིང་བླ་མ་རྣམས་པའི་ཐུགས་གང་བབ་ཀྱི་བྱ་བར་བརྩོན་པར་བྱས་པ་དང་།རང་ངོས་ནས་ཀྱང་རྩ་རླུང་མུན་མཚམས་སོགས་སྒོམ་སྒྲུབ་ཉམས་ལེན་སོགས་ཅི་ནུས་དང་།ཕྱོགས་ཀྱི་བོན་དགོན་དག་ལའང་ནུས་པ་ཅི་ཡོད་ཀྱི་ཞབས་འདེགས་བབ་ཚོད་ཞུ་བཞིན་ཡོད།ལོ་དེར་ཤར་རྫ་ཚང་གི་བླ་མ་རྣམས་པའི་བཀའ་དྲིན་ལམ་བརྟེན་ཏེ་མི་ནུབ་དགོན་དུ་རབ་བྱུང་ངུར་སྨིག་འཛིན་པའི་འདུས་སྡེ་དབྱར་གནས་གསར་དུ་ཚུགས་ཏེ་དགོན་པས་མཁན་པོའི་ཁྲི་འཕང་ལ་མངའ་གསོལ་མཛད་ཅིང་ལོ་ལྔའི་རིང་ལ་མཁན་པོའི་འགན་ཡང་ཐོབ་ཁུར།ཞང་པོ་ཁྱུང་པོ་བདུད་འདུལ་རིན་པོ་ཆེའི་མདུན་ནས་རྫོགས་ཆེན་ཀུན་བཟང་སྙིང་ཏིག་སྐུ་གསུམ་རང་ཤར་སོགས་ཀྱི་ཁྲིད་དང་དབང་ལུང་དུ་མ་ཐུབ།རྒྱལ་ཚབ་འཇིགས་མེད་དབང་ཕྱུག་ཚང་གིས་ཀྱང་རྫོགས་པ་ཆེན་པོ་དབྱིངས་རིག་མཛོད་ཀྱི་ཁྲིད་སོགས་ཀྱི་བཀའ་དྲིན་བསྐྱངས།ཨ་གཡུང་རིན་པོ་ཆེ་གཤེན་བསྟན་མཐའ་རྒྱས་དང་ཁྱུང་པོ་གཏེར་ཆེན་ཐུགས་རྗེ་གླིང་པ།སུ་ལ་མཆོག་སྤྲུལ་གཡུང་དྲུང་དབང་རྒྱལ།གྲུབ་ཆེན་ནམ་མཁའ་རྒྱལ་མཚན།སྣང་ཞིག་སྐྱབས་མགོན་དང་རྒྱལ་ཚབ་རྒྱ་འོབས།རྟོགས་ལྡན་ཚུལ་ཆེན་རིན་པོ་ཆེ་དང་ཁྲི་པ་ཚང་།དྲང་སྲོང་ཨ་ཁུ་དངོས་གྲུབ་དང་ཨ་ཁུ་དཔལ་བཟང་སོགས་བླ་མ་སུམ་ཅུ་ལྷག་ལ་བསྟེན་ཏེ་དབང་ལུང་ཁྲིད་གདམས་ཟབ་མོར་སྤྱོད་པའི་སྐལ་བ་ལྡན་ཞིང་ཐུགས་རྒྱུད་ཡོན་ཏན་གྱིས་ཕྱུག་ཤིང་མཁས་བཙུན་བཟང་པོའི་རྣམ་ཐར་ལ་བསྙེགས།དེ་ནས་ཡང་དཀར་མཛེས་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་ཀྱི་འཚོག་ཆེ་ཕྲ་མང་པོ་དང་།གཡུང་དྲུང་བོན་འཛིན་སྐྱོང་མཉམ་འབྲེལ་མཐུན་ཚོགས་དང་ལས་འཛིན་ཚོགས་གཞོན།ཉག་རོང་རྫོང་རིག་གཞུང་དར་སྤེལ་ཚོགས་འདུ་དང་རྒྱུགས་སྤྲོད་ཆེན་པོ་སོགས་ལའང་ཕེབས་ནས་བགྲོ་གླེང་དང་རྒྱུགས་སྤྲོད་ཕུན་སུམ་ཚོགས་པ་སྤེལ།ད་ལྟ་ནི་ཀུན་མཁྱེན་ཤར་རྫ་པའི་གདན་སའི་རྒྱལ་ཚབ་དང་།ཁུལ་ནང་བསྟན་མཐུན་ཚོགས་རྒྱུན་ལས་ལས་འཛིན་པ།ཉག་རོང་རྫོང་རིག་གཞུང་དར་སྤེལ་ཚོགས་པའི་ཚོགས་གཙོ་མི་སྣ།མི་སྣུབ་དགོན་པའི་དགོན་བདག་གཉེར་གཞོན་པའི་འགན་ཁུར་དང་བཅས་ལ་བཞུགས་པ་ལགས་སོ།།མདོར་ན་དམ་པ་ཁོང་ཉིད་བསྟན་དང་འགྲོ་བའི་དོན་ལ་ལྷག་བསམ་དཀར་ཞིང་འདི་ཕྱི་གཉིས་ཀྱི་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་གྱུར་པའོ།། 

འགྲོ་མགོན་བླ་རབས་བརྒྱ་དང་བཅུ་བཞི་ཡིས།།

གཡུང་དྲུང་བོན་བསྟན་མི་ནུབ་རྒྱལ་མཚན་འཛུགས།།

བདུད་དབང་སྙིགས་མའི་ཐོག་སེར་རྒོད་ན་ཡང་།།

འདུལ་མཛད་བསོད་ལྡན་ཉི་གཞོན་མཁར་ལ་ཤར།།

གླིང་འདིའི་ལོ་རྒྱུས་སྐྱ་རེངས་གསར་པ་འདི།།

ཕྱི་རབས་ཆེད་དུ་བློ་གྲོས་འོད་གསལ་གྱིས།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ལི་ཐང་རྫོང་བཞག་མ་ཐང་དགོན་དགེ་ལྡན་བཤད་སྒྲུབ་ཆོས་འཁོར་གླིང་གི་ངོ་སྤྲོད་ལོ་རྒྱུས་མདོར་བསྡུས།
  • ལེ་ཚན་རྗེས་མ།:གནས་ནང་དགོན།
  • དོ་སྣང་ཆེ་བའི་རྩོམ།