ལི་ཐང་སྟག་གུར་གྱི་དོགས་སེལ།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-07-09

ལི་ཐང་སྟག་གུར་གྱི་དོགས་སེལ།

དེང་སང་དཀར་མཛེས་ཁུལ་འགྲེམས་སྟོན་ཁང་དུ་སྟག་གུར་ཞིག་ཡོད་པ་དེ་དེ་སྔར་ལི་ཐང་དགོན་པའི་རྟེན་རྫས་ཁྱད་པར་ཅན་ཞིག་རེད། སྟག་གུར་འདིའི་བྱུང་ལུགས་སྐོར་བཤད་སྟངས་མི་འདྲ་བ་མང་པོ་ཞིག་ཡོད་ནའང་། ཡོངས་གྲགས་སུ་སྟག་གུར་འདི་གཡོན་རུའི་དཔོན་པོས་ལི་ཐང་དགོན་པ་ལ་ཕུལ་བ་བཤད། སྟག་གུར་འདིའི་ཁུངས་དེད་སོང་ན་གཡོན་རུ་དཔོན་ཚང་མཚོ་སྔོན་པོའི་འགྲམ་ནས་ལི་ཐང་དུ་བྲོས་བྱོལ་སྐབས་ཁྱེར་ཡོང་བ་ཞིག་ཡིན། རྗེས་སོར་དོན་རྐྱེན་ཅི་ཞིག་དང་ལོ་ག་དུས་ཙམ་ནས་ལི་ཐང་ཐུབ་ཆེན་ཆོས་གླིང་གི་རྟེན་དུ་ཕུལ་བའི་སྐོར་གསལ་ཆ་མི་འདུག

གུར་འདི་སྟག་ལྤགས་དགུ་བཅུ་གོ་དགུ་ནས་བཟོས་པ་ཞིག་ཡིན། མཐའ་ཤན་དུ་སྲམ་ལྤགས་དང་། གཟིག་ལྤགས། དོམ་ལྤགས་བཅས། དུང་ཕྲེང་དུ་འགྲོན་བུ་མང་པོས་བསྒྲིགས་ཡོད། གུར་ཐོག་ཏུ་རྒྱལ་པོ་རྣམ་ཐོས་སྲས་མཚོན་པའི་སྟག་ལྤགས་ཀྱི་གདུགས་ཤིག་ཡོད་པ་དེ། སྔར་ཞིག་ནས་བོར་བརླག་ཏུ་སོང་ཟིན་འདུག གུར་འདིའི་ཐོག་མའི་དགོས་པ་དེ་རྒྱལ་པོ་ཡང་ན་དཔོན་པོ་གང་རུང་ཞིག་གི་དབང་ཆ་མཚོན་བྱེད་དུ་ཡིན་འདུག རེད་དེ། རྗེས་སོར་ལི་ཐང་དགོན་དུ་ཉར་བ་ནས་བཟུང་རིམ་པར་དབང་ཐང་མཚོན་བྱེད་ཀྱི་ནང་དོན་འཛད་དེ་ཆར་སློང་གི་མཆོད་རྫས་ཤིག་ཏུ་གྱུར།

སྔར་ལི་ཐང་དགོན་པའི་ཚོགས་ཁང་གི་ཐོག་ཁར་རྒྱུན་བཞུགས་གནང་བའི་གྲྭ་པ་གཉིས་ཡོད། གྲྭ་པ་གཉིས་ཀྱི་འོས་འགན་གཙོ་བོ་དེ་གནམ་གཤིས་བརྟག་བཞིན་སྐུ་རིམ་བྱེད་པ་དེ་ཡིན། དེ་ཡང་སྐུ་རིམ་ནས་ངོ་ལེན་མ་ཐུབ་པའི་ཐན་པ་ཆེན་པོ་དང་འཕྲད་ཚེ། མཁན་པོ་གདན་འདྲེན་ཞུས་ཏེ་སོག་རོམ༼  ལི་ཐང་གི་གཞི་བདག༽ གཡུ་མཚོའི་འགྲམ་ཆར་སློང་དུ་ཕེབས་སྲོལ་ཡོད། གལ་སྲིད། ཆར་སློང་དེའང་ཕན་འབྲས་ཆེ་མེད་ན། དགོན་པའི་རྒན་བསམ༼ འགན་འཛིན་པ༽ གྱིས་མོས་མཐུན་འོག རྣམ་སྲས་བང་མཛོད་ནས་སྟག་གུར་འདི་ཆོས་རའི་ནང་གདན་འདྲེན་ཞུས་ཡོད།

ཆར་སློང་ཆོ་གའི་ཐོག་སྟག་ལྤགས་རྣམས་ཆོས་རའི་རྡོ་གཅལ་སྟེང་བཀྲམ་པ་ཙམ་ལས། གུར་དེ་ཕུབ་པའི་སྲོལ་མི་འདུག འདི་ཡང་སྟག་གུར་ནས་ཆར་སློང་བྱེད་པའི་སྲོལ་དང་ཆར་པ་སློབ་ཐུབ་ཀྱིས་ཡོད་པའི་ཆོ་ག་ཐོག་མར་མཛད་མཁན་དེ་སུ་ཞིག་ཡིན། གསལ་པོར་ཤེས་མེད། རིག་གསར་སྐབས་སུ་སྟག་གུར་དེ་ཡར་མར་བྱེད་དེ་སི་ཁྲོན་ཞིང་ཆེན་གནའ་རྫས་བཤམས་སྟོན་ཁང་དུ་བསླེབས་འདུག རྗེས་སུ་ཁྲེན་ཏུའུ་གྲོང་ཁྱེར་བརླན་གཤེར་ཆེ་དྲག་རྐྱེན་སྟག་ལྤགས་རྣམས་ཉར་ཚགས་གནང་བར་དཀའ་ལས་ཆེ་སྤྲད་ཡོད། འབུ་ནས་མི་བཟའི་ཐབས་སུ་དུ་བའི་ལོ་མ་ཆེན་པོ་དག་ལྤགས་པའི་ནང་བཏུམས་པ་སོགས་བྱས་ཀྱང་། བསིལ་འབུ༼ རས་གཟན་དང་པགས་རིགས་ཟ་བའི་འབུ་ཆུང་ངུ་ཞིག༽ བཀག་ཐུབ་མེད། མཐར་ཐབས་ཤེས་ཟད་དེ་དཀར་མཛེས་ཁུལ་དངོས་མང་བཤམས་སྟོན་ཁང་ལ་ཕྱིར་སྤྲད་པ་རེད།

སྤྱི་ལོ༢༠༠༣ལོར་ལི་ཐང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བཀྲ་ཤིས་དཔལ་འབྱོར་ལགས་ཀྱིས་སྟག་གུར་དེ་དཀར་མཛེས་ཁུལ་འགྲེམས་སྟོན་ཁང་ནས་གཡར་ཡོང་སྟེ། ཡར་ལི་ཐང་ལ་གདན་འདྲེན་དང་པོ་ཞུས་ཡོད། བརྒྱད་གཅིག་རྟ་རྒྱུག་དུས་ཆེན་དང་སྦྲགས་ལི་ཐང་མདོ་སྡེ་ཐང་ལ་ཕུབ་པ་རེད། ལྟད་མོ་བ་མང་པོ་ཞིག་གནས་འདིར་ལྷགས་ཏེ་སྟག་གུར་གྱི་གཟི་བརྗིད་ལ་ངོ་མཚར་སྐྱེ། སྔར་རྣ་ཐོས་ཙམ་གྱི་ཡུལ་ལས་འདའ་སྟེ་ཐམས་ཅད་ཀྱི་མིག་ལམ་དུ་འདྲེན། འདི་སྟག་གུར་སོ་སོའི་ཕ་ཡུལ་དང་ཁ་བྲལ་ནས་ལོ་མང་སོང་རྗེས་ཐེངས་དང་པོར་རང་ཡུལ་དུ་ལོག་པ་དེ་ཡིན། དེ་དུས་སྟག་གུར་འདི་ཧ་ཅང་རྙིང་ཆེ་བའི་སྐྱོན་གྱིས་ནང་ཤན་སོགས་གུད་ཟག་ཏུ་ཡོད་པས་རྫོང་དཔོན་བཀྲ་ཤིས་དཔལ་འབྱོར་ལགས་ཀྱིས་ཐུགས་ཁུར་འོག་དེ་ལ་ཉམས་གསོ་ལེགས་པར་གནང་ཐུབ་ཡོད། སྟག་གུར་གྱི་གཟི་བརྗིད་ཀྱང་སྔར་ལས་ལྷག་པ་བྱུང་ཡོད་དོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ཇོ་བོ་ལྷ་ཆེན་མཐོ་བ།
  • ལེ་ཚན་རྗེས་མ།:ཇོ་དར་པར་ཤིང་རྐོང་སྟངས།
  • དོ་སྣང་ཆེ་བའི་རྩོམ།