ཇོ་བོ་ལྷ་ཆེན་མཐོ་བ།

ལྟག་ཨོ་རྒྱན་ཆོས་འཕེལ།        2019-07-09

ཇོ་བོ་ལྷ་ཆེན་མཐོ་བ།

ལི་ཐང་བྱང་ཐང་སྟེང་ལ།།

བྱམས་པའི་ཕ་མ་མི་འདུག།

ཇོ་བོ་ལྷ་ཆེན་མཐོ་བ།།

བྱམས་པའི་ཕ་མ་མཛད་རོགས།

ཚིག་འདི་ནི་ལི་ཐང་གི་དམངས་གཞས་རྙིང་པ་ཞིག་ཡིན། ཕལ་ཆེར་ཡུལ་ཕྱོགས་གཞན་ནས་ཡོང་བའི་མི་རྣམས་ཀྱིས་ཁ་ནས་བརྗོད་དེ་གཞས་སུ་བསྒྱུར་བ་ཞིག་རེད་འདུག་སྙམ། སྤྱི་ལོ1580ལོར་རྒྱལ་བ་བསོད་ནམས་རྒྱ་མཚོ་མཆོག་གིས་ལི་ཐང་བྱམས་ཆེན་ཆོས་འཁོར་གླིང་ཕྱག་བཏབ། དུས་དེ་ནས་བཟུང་། དགོན་འདིའི་ཉེ་འདབས་སུ་ཡོད་པའི་ཚོང་ར་དེ་སྔ་ལས་རྒྱ་ཆེ་རུ་ཕྱིན། མིང་ལ༼  མཐིལ་ར༽ ཞེས་གྲགས། ཕྱོགས་སོ་སོ་ནས་ཡོང་བའི་མི་དཔོན་བླ་དྲག་དང་། ཚོང་པ་དང་། གནས་སྐོར་བ། དམག་མི། ལག་ཤེས་པ་རྣམས་གནས་འདིར་འཛོམས།

སྔོན་གྱི་དུས་སུ་ལི་ཐང་དུ་རྒྱ་ནག་ཧྲན་ཤཱི་ནས་ཡིན་པའི་ཚོང་པ་མང་པོ་ཞིག་ཡོད། མཐིལ་རའི་ལམ་ཀ་གཅིག་ལ༼  ལོའོ་ཧྲན་ཅཱེ༽ 老陕街ཞེས་འབོད། དེ་ནི་ཧྲན་ཤཱི་པའི་ཚོང་པ་ཁོ་ན་ཡིན་པའི་ཚོང་ཁྲོམ་ལ་ཟེར། གཞན་ཡང་རྒྱ་གར་དང་ཁ་ཆེའི་ཚོང་དཔོན་རྣམས་ཀྱིས་གླང་པོ་ཆེ་དང་རྔ་མོང་སོགས་འཁྲིད་དེ་ཚོང་ལ་ཡོང་མཁན་མང་། ཚོང་པ་དེ་དག་གིས་རྒྱུན་དུ་ལི་ཐང་སྡེ་བའི་འོག་གི་དུད་ཀ་ཆེན་པོ་འགའི་རྩྭ་ར་གཡར་བའི་གཏམ་སོགས་ཡོད།

འཚོ་བའི་དོན་དུ་ལི་ཐང་ལ་ཡོང་མཁན་གྱི་མི་ཚོགས་ནང་། མང་ཤོས་ཤིག་ནི་ལག་བཟོ་བ་རྣམས་ཡིན། དེ་དག་གིས་ཤིན་ཏུ་དཀའ་ཚེགས་ཅན་གྱི་ལས་རྣམས་བྱེད་བཞིན། ཡིན་ནའང་ཡོང་འབབ་དེ་ཙམ་མེད་དུས་རྒྱང་རིང་དུ་ཡོད་པའི་བྱམས་པ་ཕ་མ་དང་། ཉེ་བའི་གྲོགས་པོ་སོགས་ཡིད་དུ་ཤར། ཕ་ཡུལ་རྒྱབ་ཏུ་བཞག་སྟེ་འཚོ་བ་ལ་ཡོང་བའི་མི་རྣམས་སེམས་ཕམ་པའི་དུས་རེར་ལི་ཐང་དགོན་པའི་ཇོ་བོ་ལྷ་ཆེན་མཐོ་བ་མཆོག་མགོན་སྐྱབས་ཀྱི་ཚུལ་དུ་ལས་ཀ་བྱེད་མཁན་རྣམས་ཀྱི་སེམས་སྡུག་གསོ་བའི་སྨན་དུ་གྱུར། དེས་ན། གཞས་ཚིག་འདི་ལྟ་བུ་དེ་ལས་བཟོ་བ་རྣམས་ཀྱི་འཚོ་བ་དང་ལྷན་དུ་སྐྱེས་པར་མཐོང་།

༼  ཇོ་བོ་ལྷ་ཆེན་མཐོ་བ༽ ནི་ལི་ཐང་དགོན་ཆེན་དུ་བཞུགས་པའི་ཐུབ་ཆེན་ཁམས་གསུམ་ཟིལ་གནོན་ལ་ཟེར། རྒྱབ་མཐོ་རེ་བཞི་ཡོད་པའི་ཐུབ་པའི་སྐུ་བརྙན་ཆེན་པོ་འདི་རྒྱལ་བ་བསོད་ནམས་རྒྱ་མཚོའི་སྦྱིན་བདག་སོག་གུ་ཤྲི་སྡེ་པའི་ཕྱག་མཛོད་ནས་དང་། ཡུལ་དེའི་སྦྱིན་བདག་བསོད་ནམས་ཅན་རྣམས་ཀྱིས་སྐུ་རྒྱུ་བསམ་མི་ཁྱབ་པ་ཕུལ་བ་ལ་བརྟེན་ནས་བཞེངས། ཐུབ་ཆེན་འདི་བཞེངས་མཁན་གྱི་མགར་བ་ནི་རྒྱ་གར་པ་དང་། བལ་པོ་བ་གཙོས་པའི་ཡུལ་འདིའི་ལག་ཤེས་པ་རྣམས་ཡིན། ཐུབ་ཆེན་བཞེངས་པ་ལས་འཕྲོས་པའི༼  མགར་ར་སྤུན་གསུམ༽ སོགས་ངོ་མཚར་བའི་གཏམ་རྒྱུད་ཧ་ཅང་མང་། ལྷ་ཆེན་འདི་རིག་གསར་སྐབས་སུ་གཏོར་སྐྱོན་ཚབས་ཆེན་ཕོག་མྱོང་། ད་ལྟ་དད་ལྡན་སྐྱེ་བོ་རྣམས་ཀྱི་མིག་ལམ་དུ་མཇལ་བ་དེ་ལི་ཐང་སྐྱབས་མགོན་རྡོ་རྗེ་འཆང་གིས་ཐུགས་ཁུར་གཙོར་བཞེས་འོག་ལོ་འགའི་སྔོན་གསར་དུ་ལེགས་གྲུབ་བྱུང་བ་དེ་ཡིན།

༼ ལྷ་ཆེན་དཀར་ཆག༽ ཏུ་བཀོད་པ་ལྟར་ན། ཐུབ་ཆེན་འདིའི་གཟུངས་གཞུག་ཏུ་རྒྱ་བོད་ཀྱི་བླ་མ་དང་གྲུབ་ཆེན་བརྒྱ་དང་དྲུག་ཅུ་རྩ་དྲུག་གི་བྱིན་བརླབས་ཀྱི་ཚན་ཁ་ཆེ་བའི་རྟེན་དཔག་ཏུ་མེད་པ་དང་། བླ་མ་བཤེས་གཉེན་དེ་དག་གི་སྐུ་བྲིས་འབུར་བརྒྱ་དང་ལྔ་བཅུ། སངས་རྒྱས་སྤྲུལ་པའི་སྐུའི་ཆ་བྱད་ཅན་གྱི་བྲིས་འབུར་སྟོང་ཕྲག་གཉིས། སྐུ་གསུང་ཐུགས་ཀྱི་རྟེན་བྱིན་ཅན་གྲངས་མེད་དང་། རིང་བསྲེལ་དམ་རྫས་སོགས་བརྗོད་མི་ལང་བ་ཡོད་དོ།།

རྩོམ་སྒྲིག་པ། མགར་རྒྱལ་སྲས།




  • ལེ་ཚན་སྔོན་མ།:བོད་ཀྱི་ཤིང་བརྐོས་སྒྱུ་རྩལ།
  • ལེ་ཚན་རྗེས་མ།:ལི་ཐང་སྟག་གུར་གྱི་དོགས་སེལ།
  • དོ་སྣང་ཆེ་བའི་རྩོམ།