བོད་ལྗོངས་ནོར་བུ་གླིང་ཁའི་དཔེ་ རྙིང745ཡི་ཡོངས་བཤེར་ལས་དོན་ལེགས་གྲུབ་བྱུང་ཡོད།

ཡེ་ཤེས་ཀྱིས་བསྒྱུར།        2019-07-08

ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ7པའི་ཚེས2ཉིན་འབྱོར་བའི་གཏམ་གསར། གསར་འགོད་པས་བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཡོངས་ཀྱི་དཔེ་རྙིང་གཙོ་གནད་སྲུང་སྐྱོང་ལས་ཁུངས་ཏེ་བོད་ལྗོངས་ནོར་བུ་གླིང་ཁའི་དཔེ་རྙིང་། སྤོ་སྒུལ་རུང་བའི་རིག་དངོས་ཡོངས་བཤེར་ལས་དོན་དེ་ན་ནིང་ཟླ9པར་སྤེལ་འགོ་ཚུགས་པ་ནས་བཟུང་དཔེ་རྙིང745ཡི་ཡོངས་བཤེར་ཐོ་འགོད་ལས་དོན་ལེགས་གྲུབ་བྱུང་བ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ནོར་བུ་གླིང་ཁའི་ཡོངས་བཤེར་ཐོ་འགོད་བྱས་པའི་དཔེ་རྙིང745ཡི་ནང་ཕོ་བྲང་གསར་པའི་ནང་ཉར་ཚགས་བྱས་པའི་དཔེ་རྙིང361དང་སྐལ་བཟང་ཕོ་བྲང་ནང་ཉར་ཚགས་བྱས་པའི་དཔེ་རྙིང19 སྤྱན་གཟིགས་ཕོ་བྲང་ནང་ཉར་ཚགས་བྱས་པའི་དཔེ་རྙིང151 སྐལ་བཟང་བདེ་སྐྱིད་ཕོ་བྲང་ནང་ཉར་ཚགས་བྱས་པའི་དཔེ་རྙིང117དང་ཞབས་བརྟན་ལྷ་ཁང་ནང་ཉར་ཚགས་བྱས་པའི་དཔེ་རྙིང97བཅས་ཚུད་ཡོད།

བོད་རང་སྐྱོང་ལྗོངས་དཔེ་མཛོད་ཁང་དཔེ་རྙིང་པུའུ་ཡི་ཀྲུའུ་རེན་ཉི་ཤར་གྱིས་ངོ་སྤྲོད་བྱས་དོན། ནོར་བུ་གླིང་ཁའི་དཔེ་རྙིང་ཁ་ཤས་ལ་དེབ་བར་འབྱར་བ་དང་། གོ་རིམ་ནོར་བ། འབུ་ཡིས་ཟ་བ། སྐུད་པ་ཆད་པ་བཅས་ཀྱི་གནས་ཚུལ་ཆགས་ཡོད་དེ། ཡོངས་བཤེར་བྱེད་རིང་ལས་དོན་མི་སྣས་དཔེ་རྙིང་ཡོངས་བཤེར་དང་སྤོ་སྒུལ་རུང་བའི་རིག་དངོས་ཡོངས་བཤེར་གྱི་ཚད་གཉིས་བརྩེགས་ཀྱི་བརྒྱུད་རིམ་ལ་ནན་པོར་གཞིགས་ཏེ་དཔེ་རྙིང་རེ་རེར་ལྟ་ཞིབ་བྱས་ནས་ཐལ་རྡུལ་སེལ་བ་དང་འབུ་ཡིས་ཟ་བ། རལ་བ་སོགས་ཀྱི་གནས་ཚུལ་ཚང་མ་གློག་ཀླད་དང་ཡོངས་བཤེར་གྱི་ཟིན་ཐོ་ཐོག་ཐོ་འགོད་པ་རེད།

དེར་མ་ཟད་ལས་དོན་མི་སྣས་ད་དུང་དཔེ་རྙིང་ལ་དཔེ་རས་གསར་པ343བཟོས་པ་དང་། ཡིག་བྱང་མེད་པའི་ཡིག་ཆ་ལ་བོད་ཡིག་ཡིག་གཟུགས་མཁས་ཅན་གདན་དྲངས་ནས་ཡིག་བྱང250ལ་གསབ་འབྲི་བྱས་ཡོད། མིག་སྔར་ལས་དོན་མི་སྣས་ནོར་བུ་གླིང་ཁའི་དཔེ་རྙིང་ཉར་ཚགས་བྱེད་ཚད་མང་ཤོས་ཡིན་པའི་གཙོ་འཛིན་ཕོ་བྲང་དུ་དཔེ་རྙིང་ཡོངས་བཤེར་ལས་དོན་སྤེལ་བཞིན་ཡོད།

ཉི་ཤར་གྱིས་ནོར་བུ་གླིང་ཁའི་དཔེ་རྙིང་ཡོངས་བཤེར་ལས་དོན་ནི་བོད་རང་སྐྱོང་ལྗོངས་ཀྱི་སྤོ་སྒུལ་རུང་བའི་རིག་དངོས་དོ་དམ་སྡེ་ཚན་དང་དཔེ་རྙིང་ཡོངས་བཤེར་སྡེ་ཚན་གྱི་མཉམ་འབྲེལ་ཐོག་ལས་དོན་སྤེལ་ཐེངས་དང་པོ་དེ་ཡིན་པ་དང་། ཕྱོགས་གཉིས་ཀས་ལས་བགོས་ཁ་གསལ་ཞིང་མཉམ་ལས་མཉམ་སྤྱོད་བྱས་ནས་རྗེས་སུ་དཔེ་རྙིང་དང་ཡིག་ཆར་ཡོངས་བཤེར་བྱེད་དུས་གཏོར་སྐྱོན་མི་ཕོག་པའི་བྱ་ཐབས་སྤྱད་ཡོད། དེ་ནི་ཡོངས་བཤེར་བྱེད་མཁན་གཙོ་གནད་ཀྱི་ལས་ཁུངས་གཞན་དག་ལ་ཉམས་མྱོང་གི་དཔྱད་གཞི་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད་པ་རེད་ཅེས་བཤད།

  • ལེ་ཚན་སྔོན་མ།:སི་ཁྲོན་གྱིས་སོ་ཕག་དང་རྫ་གཡམ་ལས་རིགས་དག་ཐེར་བཅོས་སྐྱོང་བྱས་ཏེ་དྭངས་གཙང་གི་ཨ་སྔོན་སྲུང་སྐྱོང་བྱས།
  • ལེ་ཚན་རྗེས་མ།:ས་མཐོའི་ཕྲ་ཕུང་དམར་པོ་འཕེལ་བའི་ནད་རྐྱེན་གཞན་ཞིག་ཤེས་རྟོགས་ཐུབ་ཡོད།
  • དོ་སྣང་ཆེ་བའི་རྩོམ།