བརྩེ་གཞས་དོ་ཤལ་སྨུག་ཆུང་།

སྣང་བ་རང་གྲོལ།        2019-07-05

སྒྱུ་མའི་སྨྱུག་གླིང་འབུད་པའི་རི་གྲོང་གི་ཁེར་རྐྱང་།།

སྟོང་བསམ་གཙང་བོ་འཁྱིལ་བའི་རྦ་རླབས་དང་འགྲོགས་ནས།།

རྨི་ལམ་ལྷག་མ་འཐུ་བའི་འཇིག་རྟེན་གྱི་ཕྱིར་མིག།

སྡེ་ཆེན་ལྷས་མཐའི་ངོགས་སུ་དྲན་གདུང་གིས་འཚེར་བྱུང་།།


མི་ཚེ་རྨི་ལམ་ལྟ་བའི་ཐུན་གཅིག་གི་ནང་དུ།།

དགའ་སྡུག་རི་མོ་སྣ་ཚོགས་གྲངས་མེད་དུ་འཁྱུག་པ།།

དུས་ཐུང་འཚོ་བའི་ནང་གི་དགའ་ཕྱོགས་ཀྱི་གདམ་ག།

གུ་ཡངས་སེམས་ལ་འཁྱིལ་བས་རང་དབང་དུ་གནས་ཡོད།།


འདི་ཕྱིའི་ལམ་སྟོན་གནང་བའི་ཤེས་རབ་ཀྱི་བསྡུས་གཟུགས།།

གདུང་བའི་རླབས་རིས་སེལ་བའི་ཐབས་ཤེས་ཀྱི་དྲི་བཞོན།།

མི་ཚེའི་དད་འདུན་འོད་ཀྱི་འཚོ་བ་རུ་གྱུར་བ།།

སྣང་རིག་གུ་ཡངས་སེམས་ཀྱི་སྤྲོ་དགའ་རུ་བབས་བྱུང་།།


མཛའ་བརྩེའི་ཆུ་མོ་བསིལ་བས་ཁྲེལ་མེད་ཀྱི་གདུང་བ།།

ལྷག་མེད་རྨང་ནས་བརླགས་པའི་བརྩེ་བ་ཡི་ལོངས་སྤྱོད།།

དེའང་རང་སྣང་འཚོ་བའི་ཆ་ཤས་སུ་གྱུར་བས།།

ཨུ་ཚུགས་སྤར་མོ་འདེབས་མཁན་རྒྱང་རིང་དུ་སྤྲོད་ཅིག།


ལས་སྨོན་བརྩེ་བ་གཅིག་གིས་ཆ་འགྲིག་ཏུ་བསྡུས་ཤིང་།།

དུང་སེམས་བརྩེ་བ་གཅིག་གིས་རྨི་ལམ་དུ་འདྲེས་པའི།།

སེམས་པའི་འཇམ་ཤ་གླན་པའི་ཁེར་རྐྱང་གི་སྐྱོ་གྲོགས།།

དུངས་སེམས་འབོད་པ་གཙང་མའི་གདངས་དབྱངས་ལ་གསན་རོགས།།


མི་མངོན་རྒྱང་ཐག་ཆོད་པའི་སྙིང་དབུས་ཀྱི་བརྩེ་ལྡན།།

རི་ཕྲན་གདུང་བས་ཁུར་བའི་སེམས་གཏམ་གྱི་སྤྲིན་པས།།

སྙིང་བརྩེའི་དུང་སེམས་ཆར་བའི་མེ་ཏོག་ཅིག་ཕབ་ན།།

དར་དཀར་སྨུག་པས་བྲིས་པའི་བརྩེ་འཕྲིན་ལ་གཟིགས་རོགས།།


ལོ་ཟླའི་ཉག་མ་འཐོར་བའི་བཤུལ་ལམ་ན་འགྲེང་བའི།།

ལོ་ཆུང་སྣང་བའི་གཡུ་ལོ་གར་སྐྱེས་ཀྱི་ས་རུ།།

དུང་སེམས་སིལ་ཏོག་འབུས་པའི་རྨི་ལམ་གྱི་ལོངས་སྤྱོད།།

མི་མངོན་བརྩེ་བས་དྲངས་བའི་གཟུགས་མེད་ཀྱི་ལྟད་མོ།།


དགའ་འཛུམ་སྟ་གོན་གྱུར་བའི་འདི་སྣང་གི་རྩེད་དགས།།

དུང་སེམས་རི་མོ་གཡུང་དྲུང་སྙིང་དབུས་སུ་བྲིས་པས།།

ཆོས་ཉིད་ཐག་སྣེར་འཁྱུད་པའི་སོ་སྐྱེས་ཀྱི་རྩེད་མོ།།

འགྱོད་མེད་དམ་ཚིག་སྲབ་མོའི་འཇུག་ངོགས་སུ་ཆས་སོང་།།


འབོད་པའི་བརྡ་ལན་དང་པོ་གཅེས་ཕྲུག་ཏུ་གྱུར་བའི།།

གསལ་བྱེད་གདངས་ཀྱི་ང་རོ་དུངས་སེམས་ཀྱིས་འཛུམ་ཞིང་།།

རྫུ་བག་རིང་ནས་བྲལ་བའི་མངོན་སུམ་གྱི་ཚུལ་འདིས།།

བསླུ་བྲིད་བག་ཆགས་མཁར་གཞི་ཇེ་བརྟན་དུ་བཏང་སོང་།།


སེམས་ཁྲལ་ཕྱིར་མིག་སྟེགས་བུར་དུང་ངེ་བར་འཆར་བའི།།

ཡིད་ཀྱི་དགའ་སྟོན་བསུ་བའི་འཇིག་རྟེན་ཀྱི་སྣང་བས།།

ཁེར་རྐྱང་སྐྱོ་གྲོགས་བཟི་བའི་ཟློས་གར་གྱི་ལྟད་མོས།།

རང་གཉིས་དུང་བའི་བག་ཆགས་སྨིན་པ་ལ་འགྱོད་དམ།།


མཁའ་མཐའི་ཉི་མའི་འདབ་མ་རི་ཕྲན་ལ་འཁྱུད་དུས།།

ཆོས་ཉིད་སྒྱུ་མའི་ཆོ་འཕྲུལ་སེམས་ཁོང་ལ་ལྷུང་དུས།།

རྨི་ལམ་ལྷག་མ་མྱོང་བའི་འཇིག་རྟེན་གྱི་སྟོང་འདང་།།

ཚོར་བའི་སྤུ་རྩེ་གཟེངས་བ་ཙམ་ཞིག་ལས་མི་འདུག


  • ལེ་ཚན་སྔོན་མ།:རོལ་བའི་རྡོ་རྗེ་དང་རོལ་མོའི་དབྱངས་རྟ།
  • ལེ་ཚན་རྗེས་མ།:ཆགས་བྲིད།