རོལ་བའི་རྡོ་རྗེ་དང་རོལ་མོའི་དབྱངས་རྟ།

སྒོ་རང་གྲོལ།        2019-07-05

ཡུལ་ལ་མཚར་པོ་ལྷ་ཡི་གདུལ་ཞིང་ན།།

སྤྲུལ་བའི་མི་ལ་ལྷ་སྨྱོན་རྡོ་རྗེ་ཞེས།།

ཡུལ་ལ་སྡུག་པོ་དམྱལ་བའི་ཁམས་ཆེན་ན།།

གྲུབ་ཆེན་མི་ལ་སྟོབས་ལྡན་རྟ་ཁྱུང་འདོད།།


ས་ཆེན་ཞབས་ཀྱིས་བཅག་པའི་མི་ཆེན་ལ།།

ཁམས་གསུམ་སེམས་ལྡན་འགྲོ་བའི་མགོན་པོ་ཆེ།།

ལྷག་པར་ཕ་ཡུལ་སྐྱོང་བའི་བླ་ཆེན་ལ།།

དཔལ་ལྡན་བླ་མ་རིག་འཛིན་རྡོ་རྗེར་འདོད།།


ཡུལ་གྱི་སྔ་ཕྱི་མཁྱེན་པའི་རྟོགས་པ་ཅན།།

མི་ཡི་སྐྱིད་སྡུག་ཤེས་པའི་རིག་པ་ཅན།།

སྤྲུལ་བའི་རང་གཟུགས་མངོན་པར་སྟོན་མི་ལ།།

ལྷ་འདུས་དབང་ཆེན་གར་དབང་རྒྱལ་མཆོག་པ།།


མཚན་དཔེའི་དཀྱིལ་འཁོར་མནྡ་ར་བར་གཟིགས།།

ཡུལ་ལུང་གདམས་པས་མཐུན་པ་གཅིག་དུ་འདུལ།།

དགོངས་པ་ཆོས་དབྱིངས་ཞིང་ཐར་རི་ལ་ཐིམས།།

འདི་ནི་བདག་ཡིད་དད་པའི་བླ་མའོ།།


འོན་ཏེ་ང་ནི་རོལ་མོའི་རྟ་ལ་འཁྱུད།།

ཆང་དང་ཉེ་བར་བཅར་ན་དབྱངས་རྟས་འགུག།

རོལ་མོའི་གནས་སུ་ཕྱིན་ན་ཨ་རག་ཞིམ།།

སེམས་ལ་སྐྱོ་བ་སྐྱེ་དུས་ཐ་མག་དྲན།


ལྷག་པར་དམན་ཤར་ལུས་ལ་ཤིན་ཏུ་འདང་།།

དེ་བས་བརྩེ་དུང་ཞེས་པར་དྲག་ཏུ་ཞེན།།

སེམས་ཀྱི་ཁང་པ་ཟེར་ནས་སྤྱི་བོར་འདུད།།

འཇིག་རྟེན་ལས་དབང་བསམས་ནས་སྲོག་ཏུ་བཟུང་།།


འཁོར་བའི་ཐོག་མཐའ་དཔག་མེད་ཡིན་པར་སེམས།།

འདོད་པའི་ཞེན་ཆགས་དོང་སྤྲུགས་ཐུབ་བསམ་མེད།།

ལས་ཀྱི་བྱ་བ་ལུགས་དང་མཐུན་དགོས་བསམ།།

རང་གི་ནུས་པས་བསམ་བཟང་བསྟེན་དགོས་འདོད།།


འདི་ནི་རང་ཡིད་ཆེས་པའི་བདག་ཉིད་དོ།།

གང་ལྟར་བླ་མ་སྙིང་གི་ནོར་བུ་ཡིན།།

ཅི་ལྟར་བདག་ནི་ལམ་གྱི་གཙོ་བོ་ཡིན།།

ལས་སྐལ་མ་རྫོགས་བར་དུ་ཁྱེད་ལ་གུས།།


  • ལེ་ཚན་སྔོན་མ།:ཞེ་སེམས་འཁྱག་པའི་གླུ།
  • ལེ་ཚན་རྗེས་མ།:བརྩེ་གཞས་དོ་ཤལ་སྨུག་ཆུང་།