ཞེ་སེམས་འཁྱག་པའི་གླུ།

གྱིན་འདའ་བ།        2019-07-05

ཁ་སང་མཁའ་ནས་བབས་པའི་ཁ་བའི་འདབ་མ་སྐྱ་བོ།།

དེ་རིང་གྲང་རླུང་གསེང་ནས་སྐྱོ་བའི་ཉམས་འགྱུར་མ་སྟོན།།

རྟོག་པ་འོག་འགྱུ་རྒོད་པོར་དེ་ཙམ་གཏན་ཚིགས་མེད་པས།།

ཚོར་བའི་རླབས་རིས་ཁམས་སུ་བ་མོའི་བ་གམ་བརྩེག་འགྲོ།།


སྲོད་ཁའི་རླུང་བུའི་པང་ནས་ཞེ་སེམས་འཁྱག་པར་གྱུར་ཏེ།།

སྡོང་སྐམ་སྐྱ་བོའི་འོག་ནས་སྐྱོ་གཞས་ངག་ནས་ཐལ་ཞིང་།།

དམར་པོའི་སེམས་ཀྱི་སྙན་ངག་ཁ་བའི་འདབ་མར་འཐིམས་དུས།།

དྲན་པའི་ཁོག་གི་དྲོད་ཁོལ་དགུན་གྱི་གདོང་ལ་འབྱར་སོང་།།

    

    ནམ་ཟླ་སེམས་ཀྱི་མཁའ་ལ་སྨྲེང་བའི་སྨུག་པ་འཐིབས་ཏེ།།

ཡིད་ཀྱི་དགུན་གཞུང་འདི་ལ་སྐྱོ་བའི་ཁ་བ་བབས་པས།།

འཁོར་བའི་ཉིན་སྲིབ་དབར་ནས་སེམས་ཀྱིས་གཡལ་བ་མ་འབྱིན།།

ཡུན་རིང་གོམས་པའི་རྨི་ལམ་ཡི་ཆད་གཞུང་ལ་ལྷུང་འགྲོ།།


སྒེའུ་ཁུང་ཁོལ་མའི་ངོགས་ནས་སེམས་མིག་རྒྱང་ལ་ཀེར་དུས།།

སྤྲིན་པའི་མལ་དུ་གཟིམ་པའི་ཟླ་བས་གྲང་སྐད་འབྱིན་ཞིང་།།

འཁོར་གྱི་སྐར་ཚོགས་དག་ཀྱང་གྲང་བས་ཁོག་འདར་ཤོར་བས།།

ཁེར་རྐྱང་སེམས་ཀྱི་མལ་ས་གཙང་བོ་ཆུ་ལས་གྲང་སོང་།།

ཞེན་ཆགས་ལང་ཚོའི་རི་མོ་འབྱུང་བཞིའི་ཁམས་ལ་ཕབ་ཀྱང་།།

ཡིད་འོང་འཛུམ་ཆུང་མེ་ཏོག་རླུང་གི་ཁ་ཡན་གྱུར་དུས།།

ལས་ཀྱི་བུ་ཡུག་འཚུབ་ཅིང་ཡ་ཁོག་འཁྱག་གིས་བཟུང་བས།།

སེམས་ཀྱི་རི་ལུང་ཐང་ལ་དགུན་གྱི་ཁ་བ་བབས་སོང་།།


ཧ་ཅང་འཁོས་ཀ་ཞན་པའི་སེམས་འདི་མཚར་པོ་རེད་ཤག།

ལུས་པོའི་ཕྱི་ནང་གཉི་ཀ་གཉི་མའི་དྲོད་ལ་བསྲོས་ཀྱང་།།

ཚོར་བ་གྲང་མོ་གྲང་མོ་ཡ་ཆུང་ཁོག་ལ་འཁྲུངས་ཤིང་།།

སྣང་བ་འཁྱག་པ་འཁྱག་པ་ཡ་ཐོད་གདོང་ལ་འཕྱུར་སོང་།།


  • ལེ་ཚན་སྔོན་མ།:ཕྱགས་མར་ཁེན་པའི་བགྲེས་པོ།
  • ལེ་ཚན་རྗེས་མ།:རོལ་བའི་རྡོ་རྗེ་དང་རོལ་མོའི་དབྱངས་རྟ།