སྐད་སྒྲའི་གཤོག་རྩལ་ངོམས་ནས་དུས་རབས་གསར་པའི་ཕུགས་འདུན་གྱི་མཁའ་དབྱིངས་སུ་འཕུར།

མིག་དམར་གྱིས་བསྒྱུར་ཞུས་བྱས།        2019-07-05

ཝང་ལིང་དབྱི་ནི་རང་ཁུལ་བརྒྱད་ཟིལ་གྱི་མི་ཡིན་ཞིང་། ལིང་དབྱིའི་སྐད་སྒྲའི་ལས་སྒྲུབ་ཁང་གི་གསར་གཏོད་པ་དང་ཁྲེང་ཏུའུ་སི་ཁྲོན་སྐད་སྒྲའི་སློབ་གསོ་གསོ་སྦྱོང་སློབ་གྲྭའི་རྒྱང་བསྒྲགས་སྒྲ་གཏོང་སློབ་དཔྱོད་ཁང་གི་ཀྲུའུ་རེན་ཡིན་པ་དང་། ཁོང་གི་བརྩམས་ཆོས་མང་པོ་ཞིག་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་དང་བརྙན་འཕྲིན་ལས་ཁུངས་ཆེ་གྲས་ཁག་ཏུ་བཏང་ཡོད། ཝང་ལིང་དབྱིས་ཁེ་ལས་དང་བྱ་གཞག་ཚན་པར་བརྡ་ཁྱབ་དང་དངོས་མཚོན་གློག་བརྙན། དྲིལ་བསྒྲགས་པར་གཞི་བཅས་ཁྲི་ཁ་ཤས་ཕབ་བཟོ་བྱས་པར་མ་ཟད་ཕུལ་བྱུང་གི་སྒྲ་སྦྱོར་བ40ལྷག་གསོ་སྐྱོང་བྱས་ཡོད།

སྐད་སྒྲའི་གཤོག་རྩལ་ངོམས་ནས་དུས་རབས་གསར་པའི་ཕུགས་འདུན་གྱི་མཁའ་དབྱིངས་སུ་འཕུར།

གསར་འགྱུར་མཉམ་བསྒྲགས་བལྟས། སྒྲ་སྦྱོར་ཕུགས་འདུན་བཅངས།

    སྐབས་དང་པོའི《ཁམས་ཀྱི་གྱེར་འདོན》ཞེས་པའི་ལོ་འཁོར་གྱི་བརྩམས་ཆོས་ཕུལ་བྱུང་དཔྱད་འདེམས་དང་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་ཝང་ལིང་དབྱི་ལ་དམིགས་བསལ་གྱི་བྱས་རྗེས་བྱ་དགའ་ཐོབ་ཅིང་།  ཡུལ་དངོས་སུ་ཁོང་གིས་ངོ་མཚར་བའི་འཁྲབ་སྟོན་བྱས་པ་ལ་ཐལ་མོ་རྡེབ་སྒྲས་ཁེངས་བ་རེད། 

    དུས་ཚོད་དང་ས་གནས་གཏན་འཁེལ་ལྟར་གསར་འགོད་པ་ཝང་ལིང་དབྱི་དང་ཐུག་ནས་བཅར་འདྲི་བྱེད་འགོ་ཚུགས། 

    ཝང་ལིང་དབྱི་དང་གྱེར་འདོན་སྒྲ་སྦྱོར་བྱེད་པ་དེ་ཆུང་དུས་ནས་གླེང་དགོས་ཤིང་། ཁོང་ནི་ཆུང་དུས་ནས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་གསར་འགྱུར་མཉམ་བསྒྲགས་ལེ་ཚན་ལ་བལྟ་རྒྱུར་ཧ་ཅང་དགའ་པོ་ཡོད་པས་མ་ཚད་སི་ཁྲོན་གསར་འགྱུར་དང་། ཉིན་དགུང་གསར་འགྱུར། ནོར་སྲིད་དཔལ་འབྱོར་གསར་འགྱུར་བཅས་ལ་བལྟ་རྒྱུ་དེ་རྒྱུན་ལྡན་གྱི་བྱ་བར་གྱུར། རིམ་བཞིན་གསར་འགྱུར་མདོ་འཛིན་པའི་སྐད་ཆར་ལད་མོ་བྱས་ཏེ་སློབ་སྦྱོང་བྱས་པར་ཕ་མ་གཉིས་ཀྱིས་སྐུལ་ལྕག་མཛད་སྟབས་ཁོང་ལ་སྟོབས་ཤུགས་ཀྱིས་ཁེངས་ཤིང་། ཉིན་ལྟར་ངེས་པར་ལྟ་བའི་གསར་འགྱུར་སྣ་ཚོགས་ཕུད་ཁོང་གིས་གྱེར་འདོན་རིགས་ཀྱི་ལེ་ཚན་ལ་ཆེད་དུ་དུས་ཚོད་བཀོད་སྒྲིག་བྱས་ནས་བལྟས་པ་རེད། 

      དུས་ཚོད་ནི་སྐར་མདའ་བཞིན་མིག་འབྱེད་བཙུམ་ཙམ་གྱིས་ཝང་ལིང་དབྱི་སློབ་ཆུང་ནས་མཐར་ཕྱིན་ཏེ་དམའ་རིམ་སློབ་འབྲིང་དུ་ཕྱིན་པས་སློབ་སྦྱོང་གི་འགན་ལྕི་རུ་སོང་ཡང་ཁོང་གིས་དེ་སྔའི་ལྟ་ཉན་སྦྱོང་གསུམ་གྱི་སྦྱོང་བརྡར་མུ་མཐུད་ནས་འབད་བརྩོན་བྱས་པ་ལས་རྒྱུན་ཆད་མ་མྱོང་། 

    ཆབ་སྲིད་སློབ་ཚན་ཞིག་ཏུ་ཁོང་གིས་ལོ་མང་ལ་ལྟ་ཉན་སྦྱོང་གསུམ་རྒྱུན་འཁྱོངས་བྱས་པར་ཁས་ལེན་ཐོབ་པ་སྟེ། དགེ་རྒན་གྱིས་ཁོང་ལ་ཡི་གེ་དུམ་མཚམས་ཤིག་ཀློག་ཏུ་བཅུག་པར་ཚང་མ་ཧ་ལས་ཤིང་དགེ་རྒན་གྱིས་ཀྱང་ཁོང་ལ་ཁྱོད་ཀྱིས་ཀློག་དུས་མདོ་འཛིན་པ་ཞིག་གིས་ཀློག་པ་དང་ཨ་ན་མ་ན་རེད་ཅེས་བསྟོད་ར་ཡང་ཡང་བྱས་པར་མ་ཟད་རྗེས་སུ་རྒྱང་བསྒྲགས་ཆེད་ལས་ལ་རྒྱུགས་སྤྲོད་ན་བཟང་ཞེས་པ་དེས་ཁོ་ལ་སྐུལ་མ་ཆེན་པོ་དང་གདེང་འཇོག་མཐོན་པོ་གནང་བར་བརྟེན་ཁོང་གིས་ཉིན་ནས་ཟླ་དང་ཟླ་ནས་ལོར་འབད་པ་ཆེན་པོ་བྱས་ཏེ་མཐོ་འབྲིང་སློབ་མཐར་ཕྱིན་དུས་ཁྲེང་ཏུའུ་སློབ་ཆེན་རྒྱང་བསྒྲགས་ཆེད་ལས་སུ་རྒྱུགས་འཕྲོད་པ་རེད།

སྐད་སྒྲའི་གཤོག་རྩལ་ངོམས་ནས་དུས་རབས་གསར་པའི་ཕུགས་འདུན་གྱི་མཁའ་དབྱིངས་སུ་འཕུར།

   སྐད་སྦྱོར་ཕུགས་འདུན་འགྲུབ་པའི་ཆེད། བྲིན་སྐུལ་འཚོང་འབོད་ལས་ལ་གཉེར།

    སློབ་ཆེན་ལོ་རིམ་གཉིས་པའི་བར་སྔར་བཞིན་འབད་བརྩོན་བྱས་པ་ལས་དམིགས་འབེན་གཏན་འཁེལ་བ་ཞིག་བཞག་མེད་ཕྱིར་བློ་བདེ་ཞིང་སེམས་ཚིམ་པ་ཞིག་མེད་སྟབས་བསམ་བློ་ཡང་ཡང་བཏང་ནས་གཉེན་སྟོན་གྱི་མདོ་འཛིན་བྱེད་པ་ནས་འགོ་བཙུགས་ཏེ། ཁྲེང་ཏུའུ་དང་མཐའ་འཁོར་གྱི་ས་ཆ་ཡོངས་ལ་ཧ་ལམ་སོང་མ་མྱོང་བ་མེད་པར་གྱུར། ཉིན་ཞིག་ཁོ་དྲྭ་འཇུག་བྱེད་དུས་ཀྲུང་གོའི་སྒྲ་སྦྱོར་དྲ་བ་མཐོང་སྟེ་དེར་ཞིབ་ཅིང་ཕྲ་བ་ཞིག་བལྟས་པས་སྒྲ་སྦྱོར་བྱེད་པར་ཆ་རྐྱེན་དུ་མ་ཞིག་འཛོམས་དགོས་པར་ཁོས་སྐད་སྦུག་དང་སྒྲ་ཁཱ། ཉན་ཆས་བཅས་ཉོས་ཏེ་དོན་དངོས་སུ་སྒྲ་སྦྱོར་བྱེད་འགོ་ཚུགས། 

   ཆ་རྐྱེན་འདི་དག་འཛོམས་ཀྱང་སྒྲ་སྦྱོར་པ་གང་ནས་དགོས་སམ།  ལས་རིགས་འདིར་རྐང་འཛུགས་ཐུབ་བམ། བརྙན་འཕྲིན་ཁང་དུ་སོང་ནས་འདྲིའམ་ཡང་ན་གང་འདྲ་བྱེད་དགོས་མིན་ལ་བསམ་བློ་བཞི་གསུམ་བཅུ་གཉིས་བཏང་། བློ་རྩེ་ཉི་ཤུ་རྩ་ལྔ་འཁོད་ཀྱང་འདི་དང་དེ་ཞེས་པ་ཞིག་མ་རྙེད། རྗེས་སུ་ཁྲོམ་ཚོང་དུ་སྒྲ་སྒམ་བཞག་ནས་ཚོང་འབོད་བྱེད་པའི་སྒྲ་གང་སར་ཐོས་རྒྱུ་ཡོད་པས་ཁོང་གིས་བྱེད་ཐབས་འདི་ནས་འགོ་འཛུགས་རྒྱུའི་དམ་བཅའ་བཞག་སྟེ་ཚོང་ཁང་ཞིག་ཏུ་སོང་ནས་རིན་མེད་བྲིན་སྐུལ་འཚོང་འབོད་དགོས་མིན་དྲིས་མཐར་ཚོང་དཔོན་གྱིས་དགོས་པའི་ལན་ཐོབ་པ་དང་། ཉིན་འགའི་རྗེས་ཁོང་གིས་སྒྲ་ཕབ་བྱས་པ་དེ་ཚོང་དཔོན་ལ་སྤྲད། ཚོང་དཔོན་གྱིས་ཁོས་ཕབ་པའི་སྒྲ་དེ་བཏང་ནས་བཟུང་ཚོང་ཉིན་རེ་ལས་ཉིན་རེར་བྲིན་ཏེ་ཁོང་བཙལ་མི་ཡང་ཇེ་མང་ནས་ཇེ་མང་དུ་སོང་། ཁོང་གི་ཉག་ཤག་ལས་དགོང་མོའི་ཆུ་ཚོད་བཅུ་གཅིག་བརྒལ་ན་ཡང་ད་དུང་གཏམ་བཟང་ཡོད་གཏམ་བཟང་ཡོད་ཅེས་སྒྲ་ཕབ་པའི་སྐད་ཟམ་མི་ཆད་པར་གྲག་ཅིང་། མི་ལ་བརྩོན་འགྲུས་ལྡན་གྱུར་ན།། ལྕགས་དབྱུག་བརྡར་ནས་ཁབ་ལ་འགྱུར།། ཞེས་པ་བཞིན་ཁོང་གིས་ཉི་མ་རེ་རེར་རྒྱུན་འཁྱོངས་བྱས་པས་མགྲིན་པ་ན་རྒྱུ་དང་སྐད་འཛེར་རྒྱུ་མེད་པར་གྱུར། 

     བྲིན་སྐུལ་ཚོང་འབོད་བྱེད་པ་དེ་སྒྲ་སྦྱོར་དུ་མི་གཏོགས་ལ་བྱ་གཞག་གསར་གཏོད་དེ་ལས་ཀྱང་མིན་ཡང་བརྒྱུད་རིམ་འདི་ནི་ཧ་ཅང་གལ་ཆེ་བ་ཞིག་ཡིན་ཞེས་ཁོང་རང་གིས་ཕྱོགས་བསྡོམས་དེ་ལྟར་བྱས། 

     བོད་ཁུལ་གྱི་ཆེད་དུ་གཏམ་བཤད་གནང་། སྒྲ་སྦྱོར་གྱི་ཕུགས་འདུན་ཡོངས་སུ་གྲུབ།

      ཝང་ལིང་དབྱི་དང་སི་ཁྲོན་གྱི་སྐད་སྒྲ་ཞེས་པའི་སློབ་གྲྭའི་བར་གྱི་ལས་འབྲེལ་ཇི་ལྟར་ཆགས་པའི་སྐོར་གླེང་བའི་ཚེ། ཝང་ལིང་དབྱིས་བཤད་རྒྱུར། ང་རང་སློབ་ཆེན་ལོ་རིམ་གསུམ་པའི་སློབ་དུས་མཇུག་མ་ཞིག་ལ་སི་ཁྲོན་སྐད་སྒྲ་སློབ་གྲྭས་དགེ་རྒན་སྡུད་བཞིན་ཡོད་ཅིང་། ངས་ཀྱང་སྦྱོང་བརྡར་ཞིག་བྱེད་པའི་རྣམ་འགྱུར་བཟུང་སྟེ་རང་གི་ལོ་རྒྱུས་མདོར་བསྡུས་ཤིག་བསྐུར་བ་ཡིན། ཉིན་འགའ་ལས་མ་འགོར་བ་སློབ་གྲྭས་ཁ་རྒྱུགས་གཏང་བའི་བརྡ་སྦྱོར་འབྱོར་བས་ཚོད་བཤད་ཆུ་ཚོད་གཅིག་ལྷག་བྱས་པ་ཡིན། གཟའ་འཁོར་གཅིག་གི་རྗེས་ལ་སློབ་གྲྭས་སློབ་ཁྲིད་བྱེད་སར་ཡོང་ཆོག་པའི་བརྡ་ཐོ་འབྱོར་བས་ང་རང་སློབ་གྲྭ་དེར་ཕྱིན་ནས་འབྲེལ་ཡོད་སློབ་ཚན་གསོ་སྦྱོང་གི་སྐད་སྒྲ་སྦྱོར་སྒྲིག་དང་མཚོན་སྟངས་སྐོར་གྱི་འགན་འཁུར་བ་ཡིན་ཞེས་བཤད་པ་རེད། 

    སི་ཁྲོན་སྐད་སྒྲ་སློབ་གྲྭ་དེར་ལོ་ཤས་རིང་ལ་སྦྱོང་བརྡར་བྱས་པས་ཝང་ལིང་དབྱི་ལ་ཅི་ས་གང་ཐད་ནས་ཡར་ཐོན་ཆེན་པོ་བྱུང་། 

    ཁོང་གིས་ཐོག་མར་སློབ་ཁྲིད་བྱེད་དུས་མང་འཕྲིན་ལ་བརྟེན་པ་ལས་དོན་དངོས་ཀྱི་ལག་ལེན་ཉུང་ཞིང་། གལ་ཏེ་མུ་མཐུད་ནས་དེ་ལྟར་སློབ་ཁྲིད་བྱས་ན་དུས་ཚོད་ཆུད་གཟོན་བཏང་བ་ལས་སློབ་མས་ཅི་ཡངཤེས་ས་མ་རེད་སྙམ་སྟེ་སློབ་ཁྲིད་བྱེད་སྟངས་ལེགས་བཅོས་བྱས་པ་སྟེ། རིགས་པའི་གཞུང་ལུགས་ཀྱི་རང་བཞིན་ཉུང་དུ་བཏང་བ་དང་ལག་ལེན་གྱི་བཀོལ་སྤྱོད་ཇེ་མང་དུ་བཏང་བ་རེད། ད་བར་ལག་ལེན་སྐོར་གྱི་སློབ་ཁྲིད་ནང་དོན་དེ་ཁོང་གི་སློབ་ཚན་རེའི་བརྒྱ་ཆ་བརྒྱད་ཅུར་ཟིན་པ་དང་ཁོང་གི་སློབ་ཁྲིད་ནི་གསོན་ཉམས་ལྡན་ཞིང་སྤྲོ་སྣང་ལྡན་པས་སློབ་མ་རྣམས་ཀྱི་སྦྱངས་འབྲས་ཀྱང་བལྟས་བལྟས་རིག་རིག་ལ་ཡར་ཐོན་བྱུང་བས་མ་ཚད་རང་ཉིད་ཀྱི་ཆུ་ཚད་ཀྱང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན། 

   སློབ་གྲྭ་དེའི་དགེ་རྒན་གྱི་ཐོབ་ཐང་ཕུད། ཁོང་ནི་ལིང་དབྱིས་སྐད་སྒྲའི་ལས་སྒྲུབ་ཁང་གི་གསར་གཏོད་པ་ཡིན་ཞིང་། ལས་སྒྲུབ་ཁང་དེ་ནི2013ལོར་གསར་དུ་བཙུགས་ཤིང་། སློབ་གྲྭ་དེ་རུ་སློབ་ཁྲིད་མེད་དུས་ཝང་ལིང་དབྱིས་ནམ་ཡིན་ཡང་ལས་སྒྲུབ་ཁང་དུ་སྔ་མོ་ནས་སྒྲ་ཕབ་པ་དང་། སྒྲ་སྦྱོར་བཅས་བྱས་ནས་དགོང་མོའི་ཆུ་ཚོད་དགུ་པའི་བར་མཚམས་འཇོག་གི་མེད་པ་རེད། 

    ལས་སྒྲུབ་ཁང་དུ་བསྟུད་མར་ཆུ་ཚོད་བདུན་བརྒྱད་ལ་ཆུའང་མི་བཏུང་ནས་སྒྲ་སྦྱོར་བྱེད་ཀྱི་ཡོད་པ་དང་། ཁོས་ཉིན་ཞིག་ལ་སྒྲ་སྦྱོར་བྱེད་པའི་ཡི་གེ་ཁྲི་བཞི་ལྔ་ཙམ་ཟིན་ཞིང་། བསྟུད་མར་ཉིན་གསུམ་ལ་སྒྲ་འཇུག་བྱས་ནས་ངལ་གསོ་མ་བྱས་ཀྱང་ཆོག་ཅིང་། གྲུབ་འབྲས་འདི་ལྟར་ཐོབ་པ་ནི་ཁོང་སློབ་ཆེན་འདོན་སྐབས་སྐད་འཛེར་རྒྱུ་མེད་པ་སྦྱོང་བརྡར་ཡག་པོ་བྱས་པའི་རྐྱེན་གྱིས་རེད། 

    ཁྲེང་ཏུའུ་རུ་བྱ་བ་གཉེར་རྗེས་ཝང་ལིང་དབྱིས་བོད་རིགས་ས་ཁུལ་དང་ཕ་ཡུལ་དུ་འབྲེལ་བ་བྱ་རྒྱུ་རྒྱུན་ཆད་མ་མྱོང་ཞིང་། 2014ལོར་ཁོང་གིས་མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ནས་ཡོང་བའི་བོད་རིགས་སྤུན་ཟླར་དུས་ཡུན་ཟླ་བ་གཉིས་ཀྱི་རིང་རྒྱ་ཡིག་སློབ་ཚན་ཁྲིད་པ་རེད། དེ་རྗེས་ཝང་ལིང་དབྱིས་གཞིས་ཀ་རྩེ་བརྙན་འཕྲིན་ཁང་དང་རྟའུ་བརྙན་འཕྲིན་ཁང་། འདབ་པ་བརྙན་འཕྲིན་ཁང་སོགས་སུ་ཆེད་དོན་གློག་བརྙན་དང་དངོས་མཚོན་གློག་བརྙན་ཕབ་བཟོ་བྱས་པ་རེད། 2017ལོར། ཝང་ལིང་དབྱིས་སླར་ཡང《དཀར་མཛེས་ཉིན་རེའི་ཚགས་པར》སྐབས་ལྔ་པའི་སྐད་བརྡའི་པར་གཞི་དང་། 《ཁམས་ཀྱི་གྱེར་འདོན》ཞེས་པའི་ལེ་ཚན་ཕབ་བཟོ་བྱས་ཡོད། 

    ཝང་ལིང་དབྱིས་ཕ་ཡུལ་གྱིས་ང་རང་གསོ་སྐྱོང་བྱེད་པས་མ་ཚད་འཕུར་ལྡིང་བྱེད་པའི་གཤོག་རྩལ་སྦྱིན་ཞིང་། ཕ་ཡུལ་ནི་ངའི་བརྟེན་ས་དང་རྩ་བ་ཡིན། ང་རང་སློབ་ཆེན་འགྲིམ་སྐབས་ཁྱིམ་ནས་སློབ་གྲྭར་བསྐྱོད་པར་ཆུ་ཚོད་བཅུ་ཁར་རླངས་འཁོར་དུ་བསྡད་དགོས། ད་ལྟར་ཁྱིམ་ནང་ལ་ལོག་དུས་མང་ཆེ་བ་གནམ་གྲུར་བསྡད་ཀྱི་ཡོད། ཕ་ཡུལ་གྱི་འགྱུར་ལྡོག་དེའི་ཐོག་ནས་དཀར་མཛེས་ཁུལ་རྣམ་པ་གསར་པ་དང་ཞི་མཐུན། ཡར་ཐོན་བཅས་ཀྱི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་གསལ་བཤད་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

    ཝང་ལིང་དབྱིས་ཕ་ཡུལ་འཕེལ་རྒྱས་དང་ཡར་ཐོན་འགྲོ་བཞིན་ཡོད་པས་ཕ་ཡུལ་གྱི་གཞོན་ནུ་ཞིག་ཡིན་པའི་ངོས་ནས་ངས་ཀྱང་འབྱུང་འགྱུར་གྱི་ཕ་ཡུལ་མཛེས་སྡུག་ལྡན་པ་ཞིག་གཏོད་རྒྱུའི་རེ་བ་ཡོད་ལ་འོས་འགན་ཡང་ཡོད། དེ་མིན་ང་ཚོ་ལ་འཇོན་ཐང་ལྡན་པ་དང་ཕུལ་བྱུང་གི་མི་སྣ་མང་པོ་ཡོད་པས་ཚང་མས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཕ་ཡུལ་གྱི་མ་འོངས་པར་ནུས་པ་ཡོད་དགུ་འདོན་དགོས་ཞེས་བཤད། མིག་སྔར། ཝང་ལིང་དབྱི་ཡིས་དྲྭ་རྒྱའི་སྒྲ་སྦྱོར་གྱི་ལས་གཞི་གྲ་སྒྲིག་བྱེད་བཞིན་ཡོད་ལ། དུས་རབས་གསར་པར་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཡང་བྱེད་བཞིན་ཡོད་དོ།།

  • ལེ་ཚན་སྔོན་མ།:བརྒྱད་ཟིལ་རྫོང་གིས་ལྟ་སྐུལ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡ་བཏང་ནས་ཉེན་མེད་ངང་ཆུ་འབྲུབ་པའི་དུས་སྐབས་བརྒལ་ཐུབ་པར་ཁག་ཐེག་བྱས།
  • ལེ་ཚན་རྗེས་མ།:བརྒྱད་ཟིལ་རྫོང་དབེན་པོ་ཡུལ་ཤོག་གིས་ཁྱད་ཆོས་ལྡན་པའི་གྲོང་རྡལ་ཆུང་ཆུང་གསར་སྐྲུན་བྱས།
  • དོ་སྣང་ཆེ་བའི་རྩོམ།