དཔལ་ཡུལ་རྫོང་གིས་ས་གཤིས་གནོད་སྐྱོན་གྱི་འཚུབ་བསྟུན་ནང་སྦྱོང་བྱས།

        2019-07-03

    ཆུ་འབྲུབ་པའི་དུས་སྐབས་ཤར་བ་ནས་བཟུང་།དཔལ་ཡུལ་རྫོང་གཙང་མདོ་ཡུག་སྦྲེལ་གྱིས་ས་གཤིས་གནོད་སྐྱོན་བྱུང་ཡུལ་གྱི་མང་ཚོགས་སྒྲིག་འཛུགས་བྱས་ཏེ་འཚུབ་བསྟུན་ནང་སྦྱོང་བྱས་ནས། སྔར་ལྷག་གིས་གློ་བུར་དུ་བྱུང་བའི་གནོད་སྐྱོན་ལ་འཚུབ་བསྟུན་ཐག་གཅོད་བྱེད་ནུས་ཇེ་དྲག་ཏུ་བཏང་བ་རེད།

    ཨ་ཟེར་དང་། དམའ་ནག ལྕུམ་ས་བཅས་ས་གཤིས་གནོད་སྐྱོན་ཐེབས་ཡུལ་གྱི་གྲོང་སྡེར་འཚུབ་བསྟུན་ནང་སྦྱོང་བྱས་པ་རེད། འཚུབ་བསྟུན་ནང་སྦྱོང་བྱེད་རིང་དུ་འཚུབ་བསྟུན་མྱུར་སེལ་གྱི་གྲབས་གཤོམ་ཇུས་གཞིའི་གོ་རིམ་ལྟར་ནང་སྦྱོང་བྱས་ཏེ་ཕན་འབྲས་དངོས་སུ་ཐོབ་པར་ཁག་ཐེག་བྱས་པ་རེད།

    གཙང་མདོ་ཡུག་སྦྲེལ་ཕྱོགས་ཀྱིས་ནང་སྦྱོང་གི་སྒྲིག་འཛུགས་ལས་ཀ་སྤེལ་སྐབས། ཨ་ཟེར་དང་གྲོང་སྡེར་ས་གཤིས་གནོད་སྐྱོན་ཐེབས་ཡུལ་དུ་རི་ཉིལ་བ་ལ་དཔེ་བཞག་ནས། གྲོང་སྡེར་བཅའ་སྡོད་བྱེད་པའི་ལས་བྱེད་པ་དང་ས་གཤིས་གནོད་སྐྱོན་ཐེབས་ཡུལ་གྱི་ལྟ་ཞིབ་ཚད་ལེན་མི་སྣས་ས་གཤིས་གནོད་སྐྱོན་སྐོར་ཞིབ་བྱེད་རིང་དུ་གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པས་དུས་ཐོག་ཏུ་ལག་སྐོར་ཉེན་བརྡ་གཏོང་ཆས་འཐེན་མ་ཐག མགྱོགས་མྱུར་དུ་རྒྱ་ཆེ་བའི་མང་ཚོགས་ཉེན་ཁ་ཆེ་བའི་ས་ཁོངས་ནས་ཕྱིར་འབྲོས་རྒྱུའི་སྒྲིག་འཛུགས་བྱེད་ཞོར། དུས་ཐོག་ཏུ་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་ལ་ས་གཤིས་གནོད་སྐྱོན་ཐེབས་ཡུལ་གྱི་ལྟ་ཞིབ་ཚད་ལེན་དང་སྐོར་ཞིབ་བྱེད་རིང་ཁྲོད་མཐོང་བའི་ཉེན་ཁ་ཆེ་བའི་གནས་ཚུལ་སྙན་ཞུ་བྱས་པ་རེད།

    ནང་སྦྱོང་མཇུག་སྒྲིལ་རྗེས་ཡུལ་ཤོག་ཏང་ཨུ་དང་སྲིད་གཞུང་།གྲོང་སྡེར་བཅའ་སྡོད་བྱེད་མཁན་ལས་བྱེད་པ་བཅས་ཀྱིས་ནང་སྦྱོང་གི་དོན་དངོས་གནས་ཚུལ་ལ་དམིགས་ནས། ཡུལ་དངོས་སུ་མང་ཚོགས་ཀྱི་འཚུབ་བསྟུན་ནང་སྦྱོང་ཕྱོགས་བསྡོམས་དང་དཔྱད་བསྡུར་བྱས་པར་མ་ཟད།འཚུབ་བསྟུན་ནང་སྦྱོང་གི་གོ་སྐབས་དང་བསྟུན་ནས་རང་བྱུང་གནོད་སྐྱོན་འགོག་བཅོས་སོགས་འབྲེལ་ཡོད་ཁྲིམས་ལུགས་དང་བཅའ་ཁྲིམས། རང་བྱུང་གནོད་སྐྱོན་གྱི་འཚུབ་བསྟུན་ཉེན་གཡོལ་གྱི་རྒྱུན་མཁོའི་ཤེས་བྱ་དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས།རྒྱ་ཆེ་བའི་མང་ཚོགས་ཀྱིས་ནང་སྦྱོང་བྱེད་རིང་དུ་ཤེས་བྱ་སྦྱོང་ཐུབ་པ་དང་ཤེས་བྱ་ལ་བརྟེན་ནས་ཉེན་མེད་ཡོང་ཐུབ་པར་ཁག་ཐེག་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྫོང་དེས་འབྲི་ཆུ་དང་། འབར་རོང་། ཧོར་སྤོ། ལྕུམ་ས། འཛིང་ཁོག གཏེར་ལྷུང་། ས་ངན་སོགས་ཡུལ་ཤོག་དང་གྲོང་རྡལ་ལ་རྒྱུན་མཐུད་དུ་ས་གཤིས་གནོད་སྐྱོན་བྱུང་ཡུལ་གྱི་འཚུབ་བསྟུན་ནང་སྦྱོང་བྱས་པ་རེད།།


  • ལེ་ཚན་སྔོན་མ།:ཉག་རོང་རྫོང་གིས་ནད་ཀྱི་འབྱུང་རྩ་བཀོག་ནས་དབུལ་ཕོངས་ཀྱི་འབྱུང་རྩ་བཅད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་སྲོལ་རྒྱུན་བཟོ་རྩལ15ཞིང་ཆེན་རིམ་པའི“མིང་བྱང”དུ་ཚུད།
  • དོ་སྣང་ཆེ་བའི་རྩོམ།