དེབ་གསར་འོས་སྦྱོར།

བདེ་ཁང་བསོད་ནམས་ཆོས་རྒྱལ།    ཧི་མ་ལ་ཡའི་བོན།    2019-07-02

དེང་དུས་བོད་རིག་པ་མཁས་ཅན་གྱི་བོད་ཀྱི་གནའ་དེང་ཞིབ་འཇུག་དཔེ་ཚོགས་ལས་སྲིད་པའི་དམུ་ཐག་དཀར་པོ།

དེབ་གསར་འོས་སྦྱོར།

རྩོམ་པ་པོ་ངོ་སྤྲོད།

   བདེ་ཁང་བསོད་ནམས་ཆོས་རྒྱལ་ནི་སྤྱི་ལོ་1963ལོར་བོད་དབུས་གཙང་ཁུལ་ལྷོ་ཁ་གོང་དཀར་རྫོང་རྒྱ་དྲུག་གླིང་གྲོང་ཚོའི་བདེ་སྐྱིད་ཁང་གསར་ཞེས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས་ཤིང་། དགུང་ལོ་བརྒྱད་དགུ་ཙམ་ནས་སློབ་ཆུང་འགྲིམས་གནང་ཞིང་། དེ་ནས་རིམ་བཞིན་གོང་དཀར་རྫོང་སློབ་འབྲིང་དང་བོད་ལྗོངས་སློབ་ཆེན་ཞོར་གཏོགས་མཐོ་རིམ་སློབ་འབྲིང་དུ་སློབ་ཞུགས་མཛད། སྤྱི་ལོ1982ལོར་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་བསྐྱོད་གནང་བ་དང་སྤྱི་ལོ1986ལོར་སློབ་གྲྭ་དེ་ནས་ཐོན་རྗེས། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་བོད་ལྗོངས་ཞིབ་འཇུག་རྩོམ་སྒྲིག་ཁང་དུ་ཕྱག་ལས་གནང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་དུ་ཕྱག་ལས་གནང་རིང་སྔ་རྗེས་སུ་ནོར་ཝེ་ཨོ་སེ་ལོ་སློབ་ཆེན་དང་། དབྱིན་ཇིའི་ཏེ་ཝེ་གེམ་སློབ་ཆེན། ཁེ་ན་ཏྲའི་བེ་རེ་ཐེ་ཞི་ཀོ་ལོན་བེ་ཡ་སློབ་ཆེན་སོགས་ཕྱི་རྒྱལ་གྱི་སློབ་གྲྭ་ཁག་ཏུ་དབྱིན་ཇིའི་སྐད་ཡིག་དང་། ཆོས་ལུགས་རིག་པ། ལོ་རྒྱུས་རིག་པ་བཅས་ལ་སྦྱངས་པ་མཛད། སྤྱི་ལོ2014ལོ་ནས་བཟུང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་ཞིང་། ཆེད་དེབ《མདའ་དང་འཕང》སྟོད་སྨད་བར་གསུམ་དང་དཔྱད་རྩོམ་བསྒྱུར་རྩོམ་མི་ཉུང་བ་ཞིག་པར་སྐྲུན་འགྲེམས་སྤེལ་གནང་ཡོད།

ནང་དོན་གཙོ་བོ། 

   དཔེ་དེབ་དེའི་ནང་བོན་ཆོས་རགས་བཤད་དང་། བོན་གྱི་འཇིག་རྟེན་ཆགས་ཚུལ་སྐོར་གྱི་ལྟ་བ། བོན་གྱི་གནས་མཆོག་འོལ་མོ་ལུང་རིང་། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེའི་མཛད་རྣམ། བོན་པོའི་བླ་མ་དང་གྲུབ་ཐོབ་མཁའ་འགྲོ། བོན་གྱི་གདུང་རྒྱུད་ཁྱིམ་ཚང་ཆེན་མོ་ལྔ། བོན་གྱི་ལག་བྲིས་དཔེ་རྙིང་། བོན་གྱི་བཀའ་འགྱུར་དང་བརྟེན་འགྱུར། བོན་ལུགས་ཀྱི་ཞི་ཁྲོའི་ལྷ་ཚོགས། བོན་གྱི་ཡུལ་ལྷ་གཞི་བདག བོན་གྱི་ཆོ་ག་སྣ་ཚོགས། བོན་ལུགས་ཀྱི་རྫོགས་ཆེན། ལོ་རྒྱུས་ཐོག་བོན་བསྣུབས་ཚུལ་དང་བསྐྱར་དར་བྱུང་ཚུལ། བན་བོན་ཆོས་ལུགས་གཉིས་གཤིབ་བསྡུར་བྱས་ཚུལ་བཅས་ཆེ་བ་བཅོ་ལྔ་ལས་གྲུབ་པ་ཞིག་ཡིན་ཞིང་། སྐབས་ཐོག་གི་ནང་དོན་རྣམས་གླེང་སྐབས་གཙོ་བོ་བོན་གྱི་ཁུངས་བཙན་ཡིག་ཆར་གཞི་བཞག་ཐོག ཕྱི་ནང་མཁས་པའི་ལྟ་ཚུལ་ལ་དབྱེ་ཞིབ་དང་བླངས་དོར་གྱི་ཆ་ལ་མ་ནོར་བར་བྱས་ནས་ངོ་སྤྲོད་དང་། དཔྱད་བརྗོད། མཁོ་སྒྲིག་བཅས་བྱས་འདུག

འོས་སྦྱོར་རྒྱུ་མཚན། 

   ལོ་རྒྱུས་ཀྱི་རྒྱུ་རྐྱེན་དང་སྤྱི་ཚོགས་ཀྱི་ཆ་རྐྱེན་ལ་སོགས་པའི་ཚད་བཀག་འོག ད་ལྟ་བོན་ལུགས་ཀྱི་ཡིག་ཆ་ལག་ཏུ་རག་རྒྱུར་བལྟོས་བཅས་དཀའ་ངལ་འཕྲད་པ་དང་། ལྷག་པར་དུ་བོན་དཔེའི་དཀར་ཆག་དང་། ཚིག་མཛོད། མ་ལག་ལྡན་ཞིང་། ཁ་གསལ་ལ་གོ་བདེ་བའི་སྒོ་ནས་བོན་ཆོས་ངོ་སྤྲོད་བྱས་པའི་དཔེ་དེབ་དང་རྩོམ་ཡིག་སོགས་ཤིན་ཏུ་དཀོན་པས། དེང་དུས་ཀྱི་གསར་བུ་རྣམས་ལ་བོན་ཆོས་ཀྱི་གཞུང་དང་ལོ་རྒྱུས་སོགས་ལ་བལྟ་ཀློག་བྱ་རྒྱུར་དཀའ་ངལ་འཕྲད་བཞིན་ཡོད། དེར་བརྟེན་ཁུངས་བཙན་གྱི་དཔྱད་གཞིའི་ཡིག་ཆ་མང་པོ་དྲངས་པའི་དཔེ་དེབ་འདི་ཁྱེད་རྣམ་པར་ངོ་སྤྲོད་བྱས་ནས་ཕན་པ་ཐོགས་རྒྱུའི་རེ་བ་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་འདབ་ཆགས་ཁྲུང་ཁྲུང་ནག་པོ།
  • ལེ་ཚན་རྗེས་མ།:《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།
  • དོ་སྣང་ཆེ་བའི་རྩོམ།