དགེ་རྒན་ཆེན་མོ་ཚོགས་གཉིས་རབ་རྒྱས།

གངས་དབང་གིས།        2011-05-16

དགེ་རྒན་ཆེན་མོ་ཚོགས་གཉིས་རབ་རྒྱས།

 

སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚོགས་གཉིས་རབ་རྒྱས་ནི་གངས་ཅན་འཛིན་མའི་དགའ་ཚལ་མདོ་ཁམས་སྒང་དྲུག་གི་ཡ་རྒྱལ་མི་ཉག་རབ་སྒང་གི་ཆར་གཏོགས་དཔལ་ལྷ་དགའ་ཞེས་ཡུལ་མཆོག་དེར་གདོང་དམར་བོད་ཀྱི་རིགས་སུ་ཨ་མེས་གདུང་ལས་སྤྱི་ལོ་1965ལོར་སྐྱེས་ཤིང་།ལོ་ན་ཕྲ་བའི་དུས་ནས་སློབ་གྲྭ་ཆུང་འབྲིང་ལ་ཞུགས་ཤིང་བོད་རྒྱ་ཡིག་རིགས་ལ་སློབ་སྦྱོང་ལེགས་པར་བྱས་མཐར།སྤྱི་ལོ1982ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་སྒྲ་རིག་མཐོ་རིམ་འཛིན་གྲྭར་རྒྱུགས་འཕྲོད་པས་སེར་ཤུལ་མཁན་པོ་པད་མ་ཚེ་དབང་དང་།རབ་སྐོར་མཁན་པོ་ཐུབ་ནོར།སྡེ་དགེ་མཁན་པོ་བློ་ཆོས།གསེར་རྟ་མཁན་པོ་བསོད་རིག  བྲག་འགོ་དགེ་བཤེས་བློ་བཟང་དོན་གྲུབ།རྔ་བ་སྤྲུལ་སྐུ་རྡོ་རྗེ་དགྲ་འདུལ།མི་ཉག་མཁན་པོ་ཚེ་རིང་ཉི་མ་སོགས་མཁས་པའི་སྙན་པར་གྲགས་པའི་སྐྱེས་མཆོག་དམ་པ་བཅུ་ཕྲག་ལྷག་གི་དྲུང་དུ་བོད་ཀྱི་བརྡ་སྤྲོད་སུམ་རྟགས་དག་གསུམ་དང་།ལོ་རྒྱུས།སྙན་ངག མངོན་བརྗོད།སྒྲ་རིག་པ།ཚད་མ་རིག་པ།ནང་དོན་རིག་པ་སོགས་ལ་གསན་སྦྱོང་མཛད་ནས་སྤྱི་ལོ1986ལོར་སློབ་མཐར་ཕྱིན་ཏེ་དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭ་ཞེས་དེང་སྐབས་སི་ཁྲོན་མི་རིགས་སློབ་གླིང་བོད་ཀྱི་སྐད་ཡིག་ཚན་ཁག་ཏུ་དགེ་རྒན་གྱི་ལས་གནས་བཞེས་ཏེ་ད་བར་སུམ་རྟགས་དག་གསུམ་དང་།སྙན་ངག མངོན་བརྗོད།གནའ་དེང་རྩོམ་རིག རྩོམ་རིག་སྤྱི་དོན།བོད་ཀྱི་ལོ་རྒྱུས།དབྱངས་ཅན་སྒྲ་མདོ་སོགས་སློབ་ཁྲིད་མཛད་ཅིང་དགེ་རྒན་དང་གཞུང་ཞབས་པ།སྤྱི་བདེ་མི་སྣ་བཅས་ལས་གནས་མི་གཅིག་པའི་སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་བྱས་པར་མ་ཟད།སྤྱི་ལོ1988ལོ་ནས་ལོ་གསུམ་རིང་དུ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཨ་ལགས་དོར་ཞི་དང་།དཔའ་རིས་སངས་རྒྱས།ཆུ་སྐྱེས་བསམ་གཏན་སོགས་དགེ་བའི་བཤེས་གཉེན་དུ་མར་བསྟེན་ཞིང་རྒྱ་བོད་ཀྱི་རིག་གནས་ལ་མུ་མཐུད་ནས་ཟབ་སྦྱོང་ལེགས་པར་བྱས་རྗེས་སླར་ཡང་དགེ་རྒན་གྱི་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད།སྤྱི་ལོ2006ལོར་དགེ་རྒན་ཆེན་མོའི་གོ་གནས་ཐོབ།དེ་ལས་སྔ་གཞུག་ཏུ་སློབ་གྲྭའི་རིག་ཚན་སྣེ་འཛིན་པ་དང་།བོད་སྐད་ཡིག་ཞིབ་དཔྱོད་ཁང་གི་ཀྲུའུ་རེན།བོད་ཡིག་ཚན་ཁག་གི་སློབ་གསོ་ཞིབ་བཤེར་པ་བཅས་ལས་འགན་གནང་བ་མ་ཟད།སི་ཁྲོན་བོད་རིག་པའི་ཞིབ་འཇུག་ཚོགས་པའི་རྒྱུན་ལས་དང་།མི་ཉག་སྐྱེ་ཁམས་དང་རིག་གནས་སྲུང་སྐྱོབ་ཚོགས་པའི་ཚོགས་གཙོ་གཞོན་པ་བཅས་ཀྱི་གོ་ས་བཞེས།སློབ་ཁྲིད་སློབ་གསོའི་བྱ་བ་མཛད་ཞོར་བོད་ཀྱི་ལོ་རྒྱུས་དང་།རྩོམ་རིག སློབ་གསོ་སྐོར་ལ་ཞིབ་འཇུག་ཡང་དག་མཛད་ཅིང་མཇུག་འབྲས་བླ་ན་མེད་པ་ཐོབ་ཅིང་།བརྩམས་ཆོས་སྐོར་ནས་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་པའི་བོད་ཀྱི་ལོ་རྒྱུས་བློ་གསར་འཇུག་པའི་འབབ་སྟེགས་ཞེས་བརྗོད་བྱ་ཆ་ཚང་བ་དང་རྗོད་བྱེད་ཀྱི་ཚིག་ཁ་གསལ་ཞིང་གོ་བདེ་བས་མདོ་དབུས་ཁམས་གསུམ་གྱི་སློབ་གྲྭ་ཁག་གི་སློབ་དེབ་གཙོ་བོར་གྱུར་པ་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས་པའི་སྒྲ་རིག་བློ་གསར་དགའ་སྐྱེད་ཅེས་སྒྲ་རིག་པའི་གོ་དོན་དང་དབྱངས་ཅན་སྒྲ་མདོའི་མཚམས་སྦྱོར་ལྔ་པའི་སྒྲུབ་ཚུལ་ཆ་ཚང་བ་བཅས་དཔེ་ཆ་དེ་གཉིས་ལ་གཟེངས་བསྟོད་ཆེན་པོ་ཐོབ།གངས་ཅན་བོད་ཀྱི་ཉེ་རབས་ཕུལ་བྱུང་རྩོམ་ཡིག་གཅེས་བསྡུས་དང་།མཉམ་སྒྲིག་བྱས་པའི་བོད་ཀྱི་གནའ་དེང་གི་རྩོམ་ཡིག་གཅེས་བསྒྲིགས།ལས་ཞུགས་མི་སྣ་བསྡུ་ལེན་གྱི་བོད་ཡིག་རྒྱུགས་ལེན་བསྐྱར་སྦྱངས་གཏན་འཁེལ་བསླབ་དེབ་དགོས་འདོད་དཔལ་སྟེར་སོགས་དཔེ་ཆ་པོད་དྲུག་དང་།ཞིང་ཆེན་དང་ས་ཁུལ་རིམ་པའི་དུས་དེབ་རྣམས་སུ་དཔྱད་རྩོམ་བཞི་བཅུ་ལྷག་ཙམ་བཀོད་ཡོད་པར་མ་ཟད།ཞིང་ཆེན་དང་སློབ་གྲྭ་རིམ་པའི་ཕུལ་བྱུང་དགེ་རྒན་དང་།ཕུལ་བྱུང་ཏང་ཡོན།ཕུལ་བྱུང་འཛིན་གྲྭའི་འགོ་འཛིན་པ་བཅས་གཟེངས་བསྟོད་ཀྱི་བྱ་དགའ་རིམ་པ་དུ་མ་ཐོབ།།
 

  • ལེ་ཚན་སྔོན་མ།:མཁས་དབང་ཡེ་ཤེས་དར་རྒྱས་ཀྱི་མཛད་རྣམ་མདོར་བསྡུས།
  • ལེ་ཚན་རྗེས་མ།: ངེས་པ་དོན་གྱི་ཁ་བའི་རྒྱལ་སྲས། དཔལ་ལྡན་ལེགས་བཤད།
  • དོ་སྣང་ཆེ་བའི་རྩོམ།