བརྩེ་དུང་ནི་ཀུ་རེ་རྩེད་པ་རེད།

གྱིན་འདའ་བ།        2019-06-28

བརྩེ་ན་བརྩེ་བའི་དུང་སེམས་ལྷུག་པར་དུ་གྲོལ་ཞིང་།།

དུང་ན་དུང་བའི་འཁྲེང་ཞེན་མངོན་པར་དུ་འབུར་ཏེ།།

བརྩེ་དུང་མཛའ་གཅུགས་མེ་ཏོག་ཡང་དག་ཅིག་བཞད་ན།།

ཡལ་མེད་དྲན་པའི་ངོགས་སུ་སིམ་པ་རང་ཐོབ་བོ།།


ཕན་ཚུན་མཛའ་མཐུན་རི་མོ་སེམས་ངོས་སུ་བཀོད་ཅིང་།།

དགའ་སྐྱོ་འཚོ་བའི་ཁ་དོག་འཛུམ་དཀར་གྱིས་བསུས་ཏེ།།

སྐྱིད་སྡུག་འཁོར་བའི་བགྲོད་ལམ་དྲན་པ་ཡིས་བརྒལ་ན།།

དུང་སེམས་བརྩེ་བའི་དྲོད་ཁོལ་དྲན་ངོགས་ནས་འཚེར་ཡོང་།།


དུང་ཞེན་གསེར་གྱི་མེ་ཏོག་ཡིད་ཡུལ་ནས་བཞད་ཅིང་།།

བདེ་སྐྱིད་ཟེའུ་འབྲུ་དྭངས་མ་སྙིང་དབུས་སུ་བདོ་སྟེ།།

མཛའ་གཅུགས་མཐུན་པའི་བརྩེ་སེམས་ལྷད་མེད་ཅིག་མཆིས་ན།།

བརྩེ་དུང་འཚོ་བའི་ཀློང་ལ་དྲོད་ཁོལ་རེ་ཡོད་དོ།།


སྤྱིར་ན་སྐྱིད་སྐྱིད་སྣང་བའི་བརྩེ་དུང་གི་བརྙན་ལ།།

དོན་དམ་བདེ་བའི་བདེ་འབྲས་དེ་ག་རང་མེད་ཀྱང་།།

བག་ཆགས་འདོད་སྲེད་དམར་པོའི་ཞེན་འཁྲིས་ཀྱི་སེམས་པ།།

སྦྲང་བུ་གཤོག་ཐོགས་ཇི་བཞིན་དེའི་རྗེས་སུ་ཉུལ་འགྲོ།།


མེད་ན་དེ་ལ་དགོས་པའི་འཇིག་རྟེན་གྱི་རང་གཤིས།།

ཡོད་ན་སུན་པོ་བྱུང་བའི་བདེ་འབྱུང་གི་གཉེན་པོ།།

དེ་ག་སྡུག་མཚང་ཡིན་པ་མངོན་སུན་དུ་གྲུབ་ཀྱང་།།

ད་དུང་བག་ཆགས་བཙན་པོས་དེའི་ཕྱོགས་སུ་ཁྲིད་འགྲོ།།


མཐོང་ན་རོལ་འདོད་རྒོད་པའི་བརྩེ་དུང་གི་ཟློས་གར།།

མྱོང་ན་གདུག་རྩུབ་ཆེ་བའི་གཟུགས་མེད་ཀྱི་ལྕགས་ཀྱུ།།

ཤེས་ལྡན་གཟུར་བོའི་བློ་ཡིས་ཚད་མས་རང་བརྟག་ན།།

རྨ་མེད་ན་ཟུག་སྟེར་བའི་དུག་མཚོན་གྱི་གཏེ་བོ།།


མཐུན་ན་ཡོད་ཡོད་སྣང་བའི་གནས་སྐབས་ཀྱི་བདེ་དགའ།།

འབྲལ་ན་རང་རང་སྐབས་ཀྱི་སྐྱོ་སྡུག་གི་མྱ་ངན།།

དོན་དུ་ཟག་བཅས་ངང་ཚུལ་ཡིན་པ་རང་རྟོགས་ཀྱང་།།

གོམས་ཆགས་དབང་གིས་དེ་ལ་བཀག་པས་ཀྱང་མི་ཁོག།


མཐོང་ན་བདེན་བདེན་འཆར་བའི་བརྩེ་དུང་གི་འཇའ་ཚོན།།

མྱོང་ཡང་ཐུག་རེག་མེད་པའི་གཟུགས་མེད་ཀྱི་རྣོ་དབལ།།

གཏི་མུག་ཉོན་མོངས་དགྲ་ཡི་ནུས་མཐུ་རང་རྒོད་པས།།

ཀུན་ཀྱང་འདི་ལ་མ་བསླབ་རང་བཞིན་གྱིས་ཆུད་དོ།།


  • ལེ་ཚན་སྔོན་མ།:ཡིད་ཀྱི་ལྡེབས་རིས་ཧྲལ་ཧྲུལ།
  • ལེ་ཚན་རྗེས་མ།:ཕྱགས་མར་ཁེན་པའི་བགྲེས་པོ།