ཨ་ཅེའི་འཛུམ་བག་ཡལ་རྗེས་ཀྱི་ནམ་ཟླ།

དབྱངས་བདག        2019-06-28

   ཐོག་མར་མི་ཚེ་ཞེས་པའི་ཐ་སྙད་དེ་ལ་རྒྱང་བལྟ་དང་རིམ་བཞིན་གམ་དུ་བཅར་ནས་རོལ་མྱོང་དུ་ཞུགས་ཚེ། ཚིག་འབྲུ་འདི་གཉིས་ཀྱི་ནང་དུ་རང་རང་གི་དགའ་སྐྱོ་ཆགས་སྡང་གི་ཟློས་གར་དང་། ཚོར་བ་བརྒྱ་སྟོང་གི་སྒྱུ་འཕྲུལ་མང་པོ་འདུས་ལ། དེ་དག་གིས་ཕན་ཚུན་ལ་འཐབ་རྩོད་དང་རྡུང་རྡེག་བྱེད་ཀྱིན་ཡོད་ཅིང་། དེ་ལས་སྐྱོ་གར་གྱི་མེ་ཏོག་གྲངས་མེད་ཅིག་འཕོས་པས། མི་སེམས་ཟེར་བའི་མྱ་ངམ་གྱི་ཐང་ཆེན་དེ་ལ་གྲང་ངར་དང་བུ་ཡུག་རྒོད། དེ་ལྟར་ལོ་ཟླ་ལ་ངོ་གདོང་བསྣུན་ནས་རང་རང་གི་འཚོ་བའི་དོ་ར་ནས་ནར་སོན་པ་ཡིན་སྐད། ཨ་ཅེའི་འཛུམ་བག་དྲོན་མོ་དེ་ཡལ་མེད་དུ་ངའི་ལང་ཚོ་རུ་བསྟར། མཛེས་བར་སྣང་བའི་དྲན་པ་འདི་ནི་སུ་ཡི་དྲན་ངོགས་སུ་རྒྱུ་ལ་གང་གི་སེམས་ཁོང་དུ་སྦས།

   རང་གཞན་ཀུན་གྱི་རྣ་བར་གཟན་པའི་དྲག་ཆར་དེའི་འོག་ཏུ་གབ་པའི་ང་དང་ཁྱོད་ཀྱི་ལོ་རྒྱུས་སྐྱ་བོ་ཞིག་གསར་དུ་འབུས་པ་ཡིན་ནམ། ཡང་ན། བྱིས་དུས་ཀྱི་རྨི་ལམ་དེ་དག་ནར་སོན་རྗེས་ཀྱི་གཡུལ་ས་འདི་རུ་བྲིས་པ་ཡིན།ཁྱེད་ཀྱི་འཛུམ་བག་དེའི་འོག་ན་བྱམས་བརྩེ་དང་འདང་འདུན་གསལ་ལ། ཁྱེད་ཀྱི་འཛུམ་བག་གི་བཞིན་གཟུགས་དེ་ལ་དྲོད་ཁོལ་དང་གཞོན་མའི་མཚར་སྡུག་འཛོམས། ལོ་དེར་འུ་གཉིས་ལ་མིང་སྲིང་གི་ཁ་དན་གསོན་པོ་ཞིག་བཏབ་པས། ཁྲག་རྒྱུན་གྱི་འབྲེལ་བ་ཟབ་མོ་ཞིག་སོ་སོའི་བརྩེ་འདང་གི་ཁྲག་རྩ་ལ་བཞུར། དུས་དེ་ནས་བཟུང་། ཨ་ཅེའི་ལྷན་སྐྱེས་ཀྱི་འཛུམ་བག་སྡུག་པོ་དེ་ནི་ངའི་རྒྱབ་རྟེན་དང་ངའི་གསོན་ཤུགས་ལྟ་བུ་ཞིག་ཏུ་གྱུར་སོང་བ་འདྲ།འོན་ཏེ། ལས་དབང་གི་ཤེལ་དཀར་དེ་ལ་འབྱུང་འགྱུར་གྱི་གས་སྲུབས་ཤོར་བས། འུ་གཉིས་ཀྱི་ཡོད་ཚད་སྐྱ་ལོང་ལོང་དུ་བདས་སོང་།

   ཁྱོད་ཀྱི་འཛུམ་ཆུང་དེ་ནི་སྤང་ཐང་དུ་བཀྲ་བའི་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་ཇི་བཞིན། ངེད་ཅག་གི་ཡིད་གཞུང་དུ་ལྷེང་ངེར་བཞད་ཡོད། གློ་བུར་གྱི་གྲང་རླུང་གི་ཁྲོད་ནས། འཛུམ་དམུལ་དམུལ་གྱི་བཞིན་མདངས་དེ་རྗེས་མེད་དུ་ཡལ་སོང་བས། ཕན་ཚུན་གྱི་ངོ་གདོང་ལ་ཆ་རྒྱུས་མེད་པའི་ཡིག་འབྲུ་དོད་པའང་འདི་ལྟ་སྟེ། ཁྱོད་རང་གཞི་ནས་འགྱུར་ཟིན་ལ། ང་རང་ཡང་སྔར་དུས་དང་འདྲ་བ་ཞིག་ག་ལ་ཡིན། སེམས་སུ་བཅུག་པའི་འདས་སོང་གི་ནམ་ཟླ་དུས་བཞིའི་གཞོན་རབས་དེ་ཚོ། གཙང་བོའི་རྦ་རླབས་ཀྱི་དབུ་བ་ལ་འདྲེས་པའི་མིག་ཆུ། ཀུན་གསལ་གྱི་པང་དུ་བཞུད་པའི་བཅུ་གཉིས་བདག་པོ་དང་། ཀུ་མུད་གཉེན་གྱི་གོམ་ལ་འགྲོས་པའི་ཉིན་ཞག་གི་དཀར་ནག་མང་པོའི་གསེབ་ནས། དྲན་གདུང་དེ་ལ་བསྲེས་པའི་ན་ཟུག་གཉོམ་པོ་དག་ནི། ཁྱོད་ཀྱི་འཛུམ་བག་དྲོན་མོའི་ཤུལ་ན་ལུས་པའི་ཁེར་རྐྱང་གི་ལོ་ཟླ་ལ་འཁུར་བའི་དགུན་ཚིགས་ཡིན།

   ངའི་སྨྱུག་རྩེ་རུ་འཕོས་པའི་ལོ་དེའི་སྟོན་མཇུག་ཏུ་དལ་བར་རྫོགས་པའི་བཞིན་རས་དེ་བསམ་ན། གྲི་རྩེ་ཡིས་མིག་མདའ་འཕེན་པ་དང་འདྲ་བར། སེམས་ཀྱི་རྨ་ཁ་སྟུག་པོ་དེ་ལ་ན་ཟུག་བཟོད་སྲན་དཀའ་བ་ཞིག་རྒྱུ་བཞིན་ཡོད།ཅུང་མ་འགོར་བར། སྟོན་མཇུག་གི་ཤུལ་འཛིན་བྱེད་པའི་དགུན་ཟླ་ཟེར་བ་དེ་བསླེབས་པས། འུ་ཚོའི་བར་ཐག་གི་གཙང་བོ་དེ་ཆབ་རོམ་གྱིས་བདག་ཏུ་བཟུང་ཞིང་། འཕྲིན་སྐྱེལ་གྱི་ཉ་ཆུང་དེ་ཡང་དུས་ཚིགས་ཀྱིས་མནར། ཡོད་ཚད་སྟོང་བར་བསྐྲད་པའི་ཁ་བ་ཡི་ལོ་འདབ་འོག་ན། འུ་གཉིས་ནི་མུན་པར་འཕྱན་པའི་འུག་པ་བཞིན། འཇིག་རྟེན་གྱི་དཀར་ངོགས་ནས་འཇིགས་སྐྲག་དང་དངངས་ཚོར་གྱི་ཀློང་དུ་འཛུལ་ཡོད། སོ་སོའི་གནས་ཡུལ་དུ་ཡིབ་པའི་དྲན་ཚིག་གི་གསང་མྱུལ་བ་དེ་དག ད་དུང་འུ་གཉིས་ཀྱི་མ་ཤེས་པར་ལུས་ཡོད་དམ། ལབ་གླེང་ཉུང་བའི་ཉིན་ཞག་འདི་དག་ལ། ཁྱོད་དང་ཁྱོད་ཀྱི་འཛུམ་བག་དེ་ནི། སེམས་སུ་དཀྲིས་པའི་ཚོར་བའི་ཐིག་ལེ་དེ་ཡིན།

   འདི་ལྟར་འཕག་འཚག་རབ་ཏུ་རྒོད་པའི་སྐད་ཆ་འགའ། སྨྲ་བར་མི་སྤོབས་པའི་ཨུ་ཚུགས་ལ་བརྟེན་ནས། བཅོས་མིན་གྱི་ཚོར་བ་དང་དྲན་སྟངས་ཀྱི་སྐུལ་འདེད་ལ་དྲངས་བས། ད་གཟོད་ཡི་གེ་དུ་མའི་རྐང་པ་བསྒྲིགས་ཏེ་ཁྱོད་ཀྱི་འཛུམ་བག་གི་རྗེས་ཤུལ་བྲིས། དུས་ཚིགས་ཀྱི་འཕོ་འགྱུར་གསེབ་ནས་འགྱུར་ཟིན་པའི་ཁྱོད་རང་ནི། ཆར་ཆུ་ཡིས་བརྙས་པའི་མེ་ཏོག་དང་འདྲ་བོ་འདུག ཚུལ་དེ་དག་མཐོང་བས། དཔྱིད་དཔལ་གྱི་བུ་མོའི་རི་དཔུང་དེ་ནི་ངའི་རེ་སྒུག་གི་མིག་ཟུང་གཏད་ས་རུ་གྱུར། ལས་དབང་གི་གྱ་གྱུར་ཀློང་ནས། ང་རང་དཔྱིད་དུས་ཀྱི་དཔལ་ཡོན་དང་འདྲེས་པའི་ཁྱོད་ཀྱི་ལང་ཚོའི་སེར་ཆེན་དང་མཇལ་བ་རྙེད་མ་སོང་། ཁྱོད་ཀྱི་འཛུམ་བག་གི་བྱམས་བརྩེ་ལ་ཞེན་པའི་རང་ཉིད། ད་བར་གྲང་བསིལ་བསིལ་གྱི་རི་སྒང་དུ་འདུག་པ་དང་མཚུངས། འུ་གཉིས་ཀྱི་མིང་སྲིང་གི་ཁ་དན་དང་། འུ་གཉིས་ཀྱི་ཁྲག་རྒྱུན་ལ་བཞུར་བའི་བརྩེ་འདང་དེ་ཁྱོད་ཀྱི་འཛུམ་བག་ལས་གཞན་ལ་མི་རེ། ཁྱོད་ཀྱི་འཛུམ་བག་ལས་གཞན་སུ་ལའང་དེ་བསྲུང་བའི་ནུས་པ་མེད། ཨ་ཅེའི་འཛུམ་བག་ཡལ་རྗེས་ཀྱི་རྨི་ལམ་ན། རེ་སྨོན་གྱི་གཤོག་པ་ཡ་གཅིག་དེ་ལྟར་ལུས་ཡོད།།

  • ལེ་ཚན་སྔོན་མ།:ལོ་མ་ཐེད་པོ།
  • ལེ་ཚན་རྗེས་མ།:ས་སྲོད་ཀྱི་འཆར་སྒོ་སྣ་ཚོགས།
  • རྩོམ་གསར། 10