ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།

བན་ཤུལ་དཔལ་མཁར་རྒྱལ་གྱིས།        2019-06-27

ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།

   བོད་ཀྱི་རྒྱལ་རབས་ཡིག་རྙིང་རྣམས་ཞིབ་ཏུ་བཀླག་ན། རྒྱལ་པོ་འབྲོང་གཉན་ལྡེ་རུ་ལ་མཛེ་ནད་བྱུང་བའི་དོན་རྐྱེན་ཞིག་ལྷག་ཡོད། དེའི་བྱུང་རྐྱེན་ངོ་མ་ནི་ཁོང་གི་བཙུན་མོ་མཆིམས་བཟའ་ཀླུ་རྒྱལ་མས་དྭགས་པོའི་ཡུལ་ནས་ཉ་ཤ་ཞིག་བསྣམ་ཡོང་བ་དེ་བཙན་པོས་བཞེས་པས་རྣམ་རྟོག་གིས་སྐུ་མཛེ་བྱུང་བར་བཤད་ཡོད།

   ང་ཚོས་ལོ་རྒྱུས་ཀྱི་གཏམ་རྒྱུད་འདི་ལ་དབྱེ་ཞིབ་ནན་ཏན་བྱེད་དགོས་པ་སྟེ། སྔོན་གྱི་ཚེ་ཡུལ་དབུས་ཀྱི་རྒྱལ་བློན་རྣམས་ཀྱིས་མཚོན་པའི་མི་རྣམས་ཀྱིས་ཉ་ཤ་བཞེས་ཀྱི་མེད་པའི་ཚུལ་དེ་ཉིད་གསལ་བོར་རྟོགས་ནུས་པ་ཡིན་ལ། འོ་ན་གང་ནས་སུས་ཉ་ཤ་མང་པོ་བཞེས་སམ་ཟེར་ན། ཡུལ་ཀོང་ཉང་དྭགས་གསུམ་གྱི་བོད་མིས་ཉ་ཤ་རྒྱུན་ཟས་ལ་སྤྱོད་པ་རེད། དེའི་སྟབས་ཀྱིས་ཡུལ་དབུས་ཀྱི་བོད་མི་རྣམས་ཀྱིས་སྣང་ཚུལ་དེར“དྭགས་པོ་སྦལ་གཟན”ནམ“ཀོང་པོ་སྦལ་གཟན”གྱི་ཡུལ་ཞེས་མིང་འདོགས་པ་སྟེ། ཉ་ལ་སྦལ་བར་གྲགས་ཞེས་དཔའ་བོ་གཙུག་ལག་ཕྲེང་བས་གསུངས་ཡོད།

ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།

    ཡང་གནད་དོན་གཞན་གཅིག་ཡོད་པ་ནི། ཀོང་པོ་ཉང་པོ་དྭགས་པོ་གསུམ་ལ་སྔོན་ཚེ་ཀླུ་ཡུལ་ཞེས་འབོད་པ་དེ་རེད།འདི་ནི་ལྷ་ཀླུ་གཉན་གསུམ་གྱི་ཟླས་དྲངས་པའི་ཀླུ་དེ་མ་ཡིན་ནོ།། འོ་ན་གང་ཞེ་ན། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གཏམ་རྒྱུད་གསེར་ཐང་ན་གཙང་པོའི་འགྲམ་དུ་གནས་པའི་མིའི་རིགས་ནག་པོ་ལ་ཀླུ་ཞེས་འབོད་པར་གསུངས་པའི་བསྟན་དོན་དེ་ཡིན།

    མིའི་རིགས་ཀྱི་ཀླུ་དེ་ལ་ཁྱད་ཆོས་ཅི་ཡོད་ཅེ་ན། ཕྲན་གུས་པས་ལོ་མང་པོར་ཞིབ་འཇུག་བྱས་པ་བརྒྱུད་དེའི་ཁྱད་ཆོས་སྤྱི་སྡོམ་བྱས་པ<བོད་ཀྱི་ལོ་རྒྱུས་གསར་བརྗེ>བྱ་བར་བསྡུས་པ་འདིར་བཀོད་ན། ༡.གཙང་པོ་ཆེན་པོའི་འགྲམ་དུ་གནས་འཆའ་བ། ༢.ཁ་ལ་ཉ་ཤ་ཟ་བ། ༣.དུག་གི་སྦྱོར་བ་ལ་མཁས་པ། ༤.གདོང་མདོག་སྔོ་ལ་ནག་ཤ་འདྲེས་པ། ༥.སྤྱོད་པ་རྒོད་ཅིང་རྩུབ་པ་བཅས་ཡིན་ལ་ཁྱད་ཆོས་དེ་རྣམས་ཚང་ན་སྔོན་གྱི་ཚེ་ཀླུའི་རིགས་ལ་བརྩི་བ་རེད།


ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།

    ཡང་བོད་ཀྱི་གཏོ་ཆོག་གི་ཡིག་རྙིང་རྣམས་སུ་ཉ་དང་སྦལ་ལྕོང་གི་རིགས་རྣམས་ནི་ཀླུ་ལ་ངོས་འཛིན་པ་དང་རྐང་ལག་ཞ་རྐུམ་སོགས་ཀྱང་ཀླུ་ནད་ཡིན་པར་ངོས་འཛིན་བཟུང་ཏེ་ཀླུ་བཅོས་སྣ་ཚོགས་བྱེད་སྲོལ་ཡོད། གཞན་ཆོ་གའི་ཡིག་རྙིང་ཁ་ཤས་ཤིག་གི་དམ་རྫས་ལ་ཉ་ཤའང་ཚང་དགོས་པ་སོགས་ལྷ་ཀླུ་གཉན་གསུམ་གྱི་ཟླས་དྲངས་པའི་ཀླུ་དང་མིའི་རིགས་ལ་ཀླུ་རུ་བཏགས་པ་གཉིས་ལ་འབྲེལ་བ་ཡོད་མེད་ལ་མུ་མཐུད་དུ་དཔྱད་དགོས་པ་ཞིག་རེད། གནའ་བོའི་རྒྱ་གར་བའི་མིའི་རིགས་ཀྱི་གྲལ་རིམ་ལས་ན་ག་ཏེ་ཀླུའི་རིགས་ཤིག་ཡོད་པར་བཤད་པ་དང་། རྒྱ་ནག་ཀྱང་ཀླུའི་རིགས་ལ་བགྲངས་པ་སོགས་ཀྱི་བརྗོད་དོན་ཡང་ཚུར་མཐོང་སྐྱེ་བོའི་སྣང་ཚུལ་ལྟར་དཔྱད་འོས་པ་ཞིག་ཡིན་ན་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་གསལ་དུ་ཡོང་བར་ཕན་པ་ཆེའམ་སྙམ།

ས་ཐོག་གི་བོད་མིས་ཆུ་ནང་གི་ཉ་མོར་འཛིན་པའི་ལྟ་ཚུལ།

    གང་ལྟར་བོད་ཀྱི་ཡུལ་དབུས་ཀྱི་མི་རྒྱུད་འདིས་སྔ་མོའི་དུས་ནས་བཟུང་ཉ་ཤ་མི་ཟ་བར་ངེས་ལ། དེ་ལ་ཉ་མོ་ཁྲི་སྡིག་ཅེས་ཧ་ཅང་སྡིག་པ་ཚབས་པོ་ཆེ་ཞིག་ལ་བརྩི་བཞིན་ཡོད། དཔེར་ན་བཙན་མོ་སད་མར་ཀར་ཞང་ཞུང་ཡུལ་ལ་བག་མར་སོང་ཏེ་ཕྱིར་རང་ཡུལ་ལ་མགུར་བཞེངས་པ་ལས། གུ་གེ་བ་རྣམས་ཀྱི་ཁ་ཟས་ནི་ཉ་ཤ་དང་གྲོ་ཡིན་ཚུལ་བཤད་ཡོད་ལ་དེས་བཙན་མོའི་ཆུང་དུས་ཀྱི་ཡུལ་དབུས་ཀྱི་ཞལ་ཟས་དེ་ལས་ལྡོག་པར་བསྟན་པ་ཡིན།

   མདོར་ན་གནའ་བོའི་ཀླུའི་མི་སྡེ་དང་འབྲེལ་ཏེ་ཉ་ཤ་ལ་འཛིན་པའི་ལྟ་ཚུལ་རྣམས་ལ་དཔྱད་པ་ལས། ང་ཚོའི་འདས་ཟིན་པའི་རྒྱལ་རབས་ཤིག་གི་ཞལ་རས་གསལ་དུ་ཡོང་བར་མེ་ལོང་ལྟ་བུའི་རམ་འདེགས་ཅུང་ཟད་བྱེད་ཐུབ་པའི་ཀུན་སློང་དང་བཅས།།



  • ལེ་ཚན་སྔོན་མ།:འ་ཞའི་རིགས་རྒྱུད་ལ་དཔྱད་པ།
  • ལེ་ཚན་རྗེས་མ།:གནས་སྐབས་མེད།