ཆེས་མཛེས་སྡུག་ལྡན་པའི་ཞིང་སྡེའི་རྣམ་པ།

        2019-06-26

ལྷབ་ལྷུབ་ཏུ་གཡོ་བའི་དར་དམར་དང་མེ་ཏོག་གི་དྲི་བསུང་། གྱང་དཀར་པོ། རྐང་ལམ་སོགས་ལས་མཛེས་སྡུག་ལྡན་པའི་གྲོང་སྡེའི་རྣམ་པ་ཞིག་གྲུབ་ཡོད་ཅིང་། ཨ་ཀེན་ཁྲུའུ་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ་གསར་འགོད་པར་གྲོང་སྡེ་དར་རྒྱས་ཀྱི་འཆར་འགོད་ངོ་སྤྲོད་བྱས་པ་རེད། ཁོ་མོས་མིག་མདུན་གྱི་བོད་ཁང་དཀར་པོ་ཞིག་ལ་མཛུབ་མོས་བཙུགས་ཏེ་ཞིང་སྡེའི་རྣམ་པ་ཡག་པོ་གྱུར་སོང་། བཤད་རྒྱུ་མི་འདུག་ཀྱང་ལོ་ཆུང་གཞོན་ནུ་ཚང་མ་ཕྱི་རོལ་དུ་གླ་རྒྱག་སར་སོང་བ་ཡིན་སྟབས་ཁྱིམ་དུ་ལུས་པ་ནི་རྒན་རྒོན་དང་ཕྲུ་གུ་རྣམས་རེད། ཞིང་ལས་དུས་ཚིགས་སུ་སླེབས་སྐབས་ཁོ་ཚོས་སླར་ཡང་ཕ་ཡུལ་དུ་ལོག་ནས་ཞིང་ལས་བརྒྱབ་པ་དང་། ལས་ཀ་ཚར་རྗེས་ཡང་མུ་མཐུད་དུ་གླ་རྒྱག་སར་འགྲོ་གིན་ཡོད་པ་རེད་ཅེས་བཤད་པ་རེད།

ཨ་ཀེན་ཁྲུའུ་ཡིས་དེ་གའི་ས་ཞིང་ལ་ཆུ་འདྲེན་སླ་བའི་རྐྱེན་གྱིས་ཐན་པ་དང་ཞོད་སྐྱོན་གང་བྱུང་ཡང་ཐོན་འབབ་ཡག་པོ་བྱུང་ནས“ཉེ་དགའ་འབྲུ་མཛོད”ཅེས་པའི་མཚན་སྙན་ཐོབ་ཡོད། ཡིན་ཡང་ད་ཆ་གྲོང་སྡེའི་ཕོ་གསར་མོ་གསར་ཚང་མ་ཕྱིར་གླ་པར་སོང་ཡོད་སྟབས་ས་ཞིང་མང་པོ་ཞིག་ལ་དོ་དམ་བྱེད་སླ་བ་དང་། གང་འདོད་ལྟར་ལོ་ཏོག་འདེབས་ཡོད་པས་ཐོན་ཚད་ཅུང་དམའ་བར་སྨོས་ཅི་དགོས། ལོ་ལྟར་རྨོ་ལས་བྱེད་བཞིན་པའི་དབང་གིས་ས་ཞིང་ས་རྒོད་དུ་གྱུར་མེད་མོད། འོན་ཀྱང་དུས་ཡུན་རིང་པོར་དོ་དམ་ཡག་པོ་མ་བྱས་པའི་རྐྱེན་གྱིས་ས་བཅུད་ལོ་རེ་ལས་ལོ་རེར་མི་འདང་བ་དང་ས་རྒོད་དུ་འགྱུར་བཞིན་པའི་གནས་ཚུལ་འབྱུང་བཞིན་འདུག་ཅེས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད་པ་རེད།

རྣམ་པ་དེར་འགྱུར་ལྡོག་ཇི་ལྟར་གཏང་རྒྱུ་དེ་ཨ་ཀེན་ཁྲུའུ་དང་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་ཐག་གཅོད་བྱ་འོས་པའི་གནས་སུ་ལྷུང་ཡོད།

དབུལ་ཐར་འགག་སྒྲོལ་ཐད་ཞིང་ཆེན་གྱིས་ཞིབ་བཤེར་བྱས་རྗེས་རོང་བྲག་རྫོང་གིས“གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་གཏང་རྒྱུའི”གོ་སྐབས་དང་བསྟུན་ནས་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་བརྒྱུད་ཞིང་སྡེའི་ཡུལ་སྐོར་དེ་ཞིང་སྡེ་དར་རྒྱས་ཀྱི་ནུས་པ་གཙོ་བོ་ཞིག་རིམ་བཞིན་དུ་གྱུར་ཡོད་པ་རེད།

ཀའོ་ཏིང་གྲོང་སྡེ་དང་པོ་སྟེ། རོང་བྲག་བརྒྱ་གྱུར་བོད་གྲོང་གི་ཡུལ་སྐོར་སྐོར་ལམ་ཐོག་གནས་ཡོད་ཅིང་། གྲོང་སྡེའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་ཆ་རྐྱེན་ཡོད་པ་རེད། དེས་ན་ཞིང་སྡེ་ཡུལ་སྐོར་ལ་བརྟེན་ནས་ཞིང་སྡེ་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས“མཐོ་རྩེའི་ཞིང་སྡེ་དར་རྒྱས་འཆར་འགོད”བཟོ་འགོ་བཙུགས་པ་རེད།

གྲོང་སྡེ་རིམ་པའི་བྱེད་སྒོ་སྤེལ་ཁང་གི་སྒོ་ཕྱིའི་མེ་ཏོག་སྡིངས་ཆའི་ཐོག་མེ་ཏོག་རྣམ་པ་སྣ་ཚོགས་བཞད་ཡོད་ལ། དེ་ནས་རྒྱལ་སྒོའི་ནང་དུ་འཛུལ་དུས། ལུས་རྩལ་ཐང་དུ་སྤོ་ལོ་ཐང་དང་ཕིང་ཕང་སྤོ་ལོའི་སྟེགས་བུ། ལུས་སྦྱོང་ཡོ་བྱད་སོགས་སྒྲིག་སྦྱོར་གང་ལེགས་བྱས་འདུག དེ་རྗེས་ང་ཚོས་ཨ་ཀེན་ཁྲུའུ་དང་མཉམ་དུ་ཚོགས་ཁང་དུ་འགྲོ་བ་ཡིན། དཀར་ཆ་དོད་པའི་ཚོགས་ཁང་གི་གཡོན་ཕྱོགས་ནི“ཀའོ་ཏིང་གྲོང་སྡེ་དང་པོའི་ཞིང་སྡེའི་དར་རྒྱས་འཆར་འགོད”དང་གྲོང་སྡེའི་ཡུལ་སྐོར་བཀོད་སྒྲིག་དཔེ་རིས་བཀལ་འདུག

ཨ་ཀེན་ཁྲུའུ་ཡིས་འཆར་འགོད་དཔེ་རིས་ལ་མཛུབ་མོས་བཙུགས་ཞོར་གསར་འགོད་པར་ཀའོ་ཏིང་གྲོང་སྡེ་དང་པོའི་མཛེས་ལྗོངས་ལྟ་ན་སྡུག་ལ་གནམ་གཤིས་འཚམ་པོ་ཡིན་ཞིང་། གྲོང་སྡེའི་ཞིང་ལས་ནི་སྐྱེ་ལྡན་ཞིང་ལས་གཙོ་བོར་བྱེད་ཀྱི་ཡོད་སྟབས་འཆར་འགོད་ནང་དུ་གཙོ་བོ་ཞིང་སྡེའི་སྤྱི་གླིང་དང་རང་བྱུང་ལྟ་སྐོར། གྲོང་འདབས་ཀྱི་སྤྲོ་གསེང་གཏོང་ས། ཞིང་ལས་འཐུ་བ་སོགས་འཕེལ་རྒྱས་གཏོང་རྒྱུར་སྣང་ཆེན་བྱེད་བཞིན་ཡོད། གྲོང་མིའི་སྣེ་ལེན་མགྲོན་ཁང་རྣམ་པའི་ཡུལ་སྐོར་འཕེལ་རྒྱས་གཏང་རྒྱུའི་གྲ་སྒྲིག་བྱས་ཤིང་། གྲོང་སྡེའི་ནང་གནའ་བོ་ཉམས་འགྱུར་སོར་གནས་དང་རྒྱུན་འཛིན་དང་། རིག་གནས་ཤུལ་བཞག་རྣམ་པའི་གྲོང་སྡེའི་ཡུལ་སྐོར་འཕེལ་རྒྱས་བཏང་ནས་རྒྱལ་རོང་བོད་རིགས་ཀྱི་བསླས་འཐག་དང་གྱོན་ཆས་སོགས་དམངས་ཁྲོད་སྒྱུ་རྩལ་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ། རིག་གནས་རྣམ་པའི་གྲོང་སྡེའི་ཡུལ་སྐོར་བཏོད་དེ་གྲོང་སྡེ་ཡུལ་སྐོར་གྱི་རིག་གནས་ནང་དོན་དང་ལོ་རྒྱུས་ཀྱི་ནང་དོན་མཐོ་རུ་གཏོང་བ་དང་། གསར་བརྗེའི་རིག་གནས་རྣམ་པའི་གྲོང་སྡེའི་ཡུལ་སྐོར་བཏོད་རྒྱུ་ཡིན་ཞིང་། ཉ་ག་ཡུལ་ཤོག་ཀའོ་ཏིང་གྲོང་སྡེ་དང་པོར་གསར་བརྗེའི་རིག་གནས་ཧ་ཅང་ཟབ་མོ་ཡོད་པ་རེད། དམར་དམག་རྒྱང་སྐྱོད་བྱེད་རིང་རོང་བྲག་རྫོང་དུ་ལོ་ཕྱེད་ཙམ་བཅའ་སྡོད་བྱས་མྱོང་། གསར་བརྗེའི་དགོས་མཁོའི་ཆེད་དུ་བཙུགས་པའི་བོད་རིགས་རང་ཚུགས་པུའུ་ཡང་གྲོང་སྡེ་དེའི་མངའ་ཁོངས་སུ་ཡོད་པ་རེད།དེར་བརྟེན་གྲོང་སྡེས་གསར་བརྗེའི་གནའ་ཤུལ་གཞི་རྟེན་དུ་བྱས་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

ཨ་ཀེན་ཁྲུའུ་ཡིས་གྲོང་སྡེ་འཆར་འགོད་དེ་ཤོག་བུའི་ཐོག་ནས་དམག་ཇུས་གླེང་བ་ཞིག་མིན། འཆར་འགོད་དེ་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་འོག་སྔོན་འགྲོའི་གྲ་སྒྲིག་ལས་དོན་ལེགས་གྲུབ་ཟིན་པ་དང་རྣམ་གྲངས་ཁག་གཅིག་ལས་འགོ་ཚུགས་ཡོད་ཅེས་བཤད་པ་རེད། །(ཀུན་དགས་བསྒྱུར་ཞུས་བྱས། ) 


  • ལེ་ཚན་སྔོན་མ།:བཅོས་བསྒྱུར་དོན་ཐོག་འཁྱོལ་བར་ཁག་ཐེག་བྱས་ནས་མི་དམངས་མང་ཚོགས་ལ་ཞབས་ཕྱི་དེ་བས་ཡག་པོ་བསྒྲུབ་རྒྱུར་འགན་སྲུང་བྱེད།
  • ལེ་ཚན་རྗེས་མ།:དཀར་མཛེས་ཁུལ་གྱི་སྐབས་གསུམ་པའི་ལུས་རྩལ་འགྲན་ཚོགས་སྤེལ་ལ་ཉེ།
  • དོ་སྣང་ཆེ་བའི་རྩོམ།