བརྩེ་གཞས་གླུ་ཆུང་།

བྱང་རླུང་།        2019-06-24

གཙང་བོ་བྲུག་པའི་རྒྱ་མཚོའི་རླབས།།

རྒྱང་རིང་ཡུལ་གྱི་ཟླ་བར་རྡེག།

དཀར་འཇམ་སྲབ་བུའི་ཤོག་ངོས་ལ།།

བརྩེ་གཞས་རི་མོ་སྙིང་ལ་བྲིས།།


སེམས་བསྐྱེད་ངེས་པའི་བས་མཐའི་གླུ།།

མ་བཞུད་མགྲོན་པོའི་ཉེ་སར་གཏད།།

གྲིབ་གཟུགས་མངོན་པའི་དགའ་དང་བཅས།།

ཚིག་གི་ལོ་མས་སྙིང་གཏམ་གཤར།།


རྒས་པའི་གོས་རྙིང་མ་གོན་ཞིང་།།

འདུན་མའི་མདུད་པ་མ་གྲོལ་བ།།

ལོ་ཟླའི་བག་ཆགས་ཟབ་ཚུལ་ན།།

གཡུ་སྦྲང་བུང་བའི་ལྡིང་སྐོར་རྒྱག།


གཡེར་དྲིལ་སྙན་པའི་ཚོགས་གླུའི་བརྡ།།

དུས་ཚོད་བོར་བའི་གཉིད་དུ་ཆགས།།

དབྱངས་ཀྱི་འཐེན་པའི་ཉམས་མགུར་དེས།།

རྨི་ལམ་དཀྲོག་པའི་ཕུགས་བསམ་རྙེད།།


ཞེན་ཆགས་མེ་ལོང་བཏེགས་པ་ལ།།

ཁྱེད་ཀྱི་འགྲམ་དུ་ཉི་ཟླ་ཚེས།།

རླུང་ནི་མེ་ཏོག་སྐྱོམ་པའི་དུས།།

འཛིན་པའི་ངོ་བོ་ཡང་ཡང་བྱས།།


སེམས་འགྱུ་ཕྲ་མོ་བྲལ་བའི་ངོར།།

ཡིག་འབྲི་སྟོང་གི་བུ་ལོན་བཅོལ།།

བསམ་གཞིག་མོད་པོའི་རེ་བཞག་ལས།།

ངལ་བའི་ཁུར་བོ་གཞན་དུ་འཕོས།།


ཨ་སྔོན་སྤྲིན་གྱི་སྨུག་གསེབ་ཏུ།།

གྱེས་པའི་ཞེད་སྣང་དབེན་སིམ་མེར།།

རྟོགས་བརྗོད་རིང་མོའི་རྣམ་ཐར་ནི།།

ཆུ་བོ་གངྒཱའི་འགྲོས་སུ་ལྟར།།

  • ལེ་ཚན་སྔོན་མ།:མྱོང་རྟོག་རང་མཚན།
  • ལེ་ཚན་རྗེས་མ།:དམྱལ་བའི་ཀི་སྒྲ།