ཀུན་གྲོལ། 2019-06-24
ཀ
གཟུགས་འདིས། མིག་ཟུང་ལོང་བར་གྱུར།
སྒྲ་འདིས། རྣ་བ་འོན་པར་གྱུར།
འོན་གྲང་། གཟུགས་སྟོང་པ་དང་སྒྲ་སྟོང་པའོ།།
ཅ
ཉི་མ་དང་ཟླ་བ་གཉིས།
མཁའ་དབྱིངས་སུ་འོད་ཀྱིས་གྲུབ་སྟེ།
རེས་མོས་ཀྱིས་འཁོར་ནའང་།
མུན་པ་མཚོ་ངོགས་སུ་བསྡད་དེ་ངན་ཇུས་འཐེན།
ཏ
དུས་ཚོད་ནི་ཡུད་ཙམ་ཡང་མི་སྡོད།
ཁོ་བོས་འདས་པ་ལ་ཕྱིར་ལྡོག་བྱེད་འདོད་པས།
སྙན་ངག་ཚན་པ་ཞིག་ཏུ་སྤྲུལ།
པ
སྒོ་སམ་སྟེང་གི་དབྱངས་གསལ་གྱི་རི་མོ།
ཆང་དང་དུ་བས་དཔྱད་གླེང་གི་འགོ་བརྩམ།
བཤད་ཚོད་ལ། འཆི་རྐྱེན་དང་འབྲེལ་བའི་ལོ་རྒྱུས་ཤིག
ཙ
རྩྭ་ཐང་ནས་གན་རྐྱལ་དུ་ཉལ་ཚེ།
དབྱར་གཞུང་གི་མཛེས་པ་ཕྱེད་ཙམ་ལས་མ་ཚོར།
བསིལ་རླུང་ལས་མཆེད་པའི་རྫི་གཞས།
ཉན་གྱིན་ཉན་བྲག་ཅའི་རང་བཞིན་ལས་མ་ཐོས།
ཞ
སྨུག་པ་སྟུག་པོ་ཞིག་འཐིབས་བྱུང་།
རྩྭ་དང་རྩི་ཤིང་གང་ཡང་མ་མཐོང་ལ།
ལྷག་ཏུ་ནམ་མཁའི་ཉི་མ་མ་མཐོང་།
ར
ཕྱི་ལོགས་སུ་ཁ་བ་འབབ་དྲག་པས།
ཁྱིའི་རྐང་རྗེས་ཇེ་མང་དུ་འགྲོ་བཞིན་འདུག་ཅིང་།
བྱེའུ་ཡིས་རྒུམ་བུ་འཐུ་བར་བྲེལ།
རེད་དེ། མི་ཚོ་སྔ་བཞིན་སོས་དལ་དུ་ཉལ།
ཧ
གདོང་འབག་གྱོན་པའི་མི་ཞིག
ཕྱག་སྟོང་སྤྱན་སྟོང་དུ་སྤྲུལ་ནས།
སེམས་ཅན་ཞེས་པའི་ཐ་སྙད་སྙི་མོ་ཞིག་སྒྲོག་སྟེ།
བྱ་ཤ་དང་ཉ་ཤ་གསོལ་བཞིན་བཞུགས།
ཨ
མཚན་མོ་འདིའི་དུས་ཡུན་བརྒལ་དུས།
མུན་ནག་ལ་ཁ་གཏད་པའི་འུག་པ།
གསེར་མདོག་གི་ཚ་ཟེར་གྱིས་གང་ཞིག་ཏུ་དེད།
རྩོམ་གསར། 10