སྙན་ངག ཞར་བཀོད་གསུམ།

རྨུ་ཐག        2019-06-21

སྙན་ངག་ཅིག་འབྲི་བསམ་བྱུང་།


ཁོ་མོ་མ་སད་སྔོན་དུ།

ངས་སྙན་ངག་ཅིག་འབྲི་བསམ་བྱུང་།

སྙན་ངག་དེ་གྲུབ་རྗེས།

ཁོ་མོའི་རྒྱབ་གཟུགས་དང་སྲེ་སྟེ།

ནམ་ལངས་ནས་མུན་མ་རུབ་རག་ཏུ།

ངས་སྙན་ངག་དེ་དང་རྒྱབ་གཟུགས་དེ་ལ་ལྟ་འདོད།


དོན་དུ་ཁོ་མོའི་རྒྱབ་གཟུགས་ཤིན་ཏུ་འཁྱག་པས།

ངས་དེ་ལ་སྙན་ངག་གི་གྱོན་པ་ཞིག་གསོལ་འདོད་ཡིན།


དུས་ཚོད་རྐྱང་བ་ཞིག་ལ་སྐྱོ་གདུང་རྐྱང་བ་ཞིག་ལས་ཅི་

ཡང་མི་འདུག་པས།

ཁྱོད་ཀྱིས་དུས་ཚོད་རྐྱང་ལ་དེ་དག་ལ་སྐྱོ་གདུང་རྐྱང་

བ་རིམ་པ་ཡིན་ནམ།


འུ་གཉིས་ཀྱི་ཕ་ཡུལ་ཤིན་ཏུ་འཁྱག་པ་བདེན། 

དེའི་ཟོལ་དུ།

ཡུལ་མི་དག་གི་ཁ་སེམས་ཀྱང་འཁྱག་པ་རེད། 

སྙིང་ཉེ་་་་་



ཉི་ནུབ་དང་འཆི་འཕོ།



འཆི་བ། འཆི་བ། འཆི་བ།

སྒྱུ་མའི་བ་གླང་དང་རྟ་ཁྱུའི་རྨིག་སྒྲ་རེད།

རྒྱང་ཐག་རིང་བོ་ནས་གྲགས་འོང་བ་དེ།

འཆི་བའི་བརྡ་དང་མིག་ཆུའི་བཞུར་སྒྲ་རེད།


ཉི་ནུབ་དག་ནི་དུས་ཚོད་ཀྱིས་བཟོས་པའི་

ནག་ཉེས་རེད།


ལས་འཕྲོ་མེད་པའི་མི་ཞིག་གིས།

ཨུ་ཚུགས་ཀྱི་ལག་པ་བསྲིངས་ནས།

མེ་ལོང་ངོས་ཀྱི་མེ་ཏོག་འཐུ་བར་འཁྲུལ།


མི་ཞིག་གི་ཉི་ནུབ་གཅིག

ཉི་ནུབ་གཞན་དག་དང་མི་འདྲ་ས་ཞིག་ཡོད་པ་ནི།

རང་ཉིད་གསོན་པ་རྒྱུན་ལྡན་གྱི་གསོན་པ་དང་མ་

འདྲ་བར་སྣང་བས་རེད།


ཉི་ནུབ་དག་ཁེར་རྐྱང་རེད།

དེ་བཞིན། འཆི་བའང་ཁེར་རྐྱང་རེད།



ཁ་གཏད་ཀྱི་མི་ཞིག


འུ་གཉིས་ལ་བར་ཐག་ཅིག་ཡོད་ན།

ཤོག་བུ་ལེབ་མོ་ཞིག་གི་མདུན་རྒྱབ་ལྟ་བུ་རེད།

ཁྱོད་ཀྱིས་བར་ཐག་ཤེས་སམ། ཁ་གཏད་ཀྱི་མི།

ངས་བར་ཐག་གི་གཙང་བོ་ཧུབ་ཀྱིས་འཐུང་འདོད།


བར་ཐག་གཅིག རྡུལ་དང་ནམ་མཁའ་རེད།

བར་ཐག་གཅིག ཁྱོད་རང་མི་གོམས་པའི་འདུ་

འཛོམས་ཆེ་ས་རེད།

  • ལེ་ཚན་སྔོན་མ།:དུས་བཞིར་བསྔགས་པ་སྦྲང་མའི་སིར་སྒྲ།
  • ལེ་ཚན་རྗེས་མ།:མྱོང་རྟོག་རང་མཚན།