ལི་ཐང་རྫོང་དུ་ལི་ཐང་རྟ་རྒྱུག་ཆེན་མོའི་བྱ་འགུལ་སྤེལ།

ཨོ་རྒྱན།        2019-06-18

ལི་ཐང་རྫོང་དུ་ལི་ཐང་རྟ་རྒྱུག་ཆེན་མོའི་བྱ་འགུལ་སྤེལ།

    སྤྱི་ཟླ6པའི་ཚེས16ཉིན་ཀྲུང་གོའི་རྟ་རྒྱུག་རིག་གནས་དར་ཡུལ་ཞེས་གྲགས་པའི་ལི་ཐང་དྲུག་པའི་རྟ་རྒྱུག་དུས་ཆེན་མགོ་བརྩམས་ཡོད་པ་རེད། མཚོ་སྔོན་དང་ཡུན་ནན། དཀར་མཛེས་དང་རྔ་བ་སོགས་ཞིང་ཆེན་དང་ཁུལ་ཕྱི་ནང་གི་རྟ་མཆོག་ཉིས་བརྒྱ་ལྷག་ཐེངས་འདིའི་འགྲན་བསྡུར་དུ་ཞུགས། ཉིན་གསུམ་གྱི་རིང་ལ་རྟ་མཆོག་དག་གི་འགྲན་རིམ་སོ་སོ་ནས་འགྲན་བསྡུར་བྱེད་བཞིན་ཡོད་པ་རེད། 

     ངོ་སྤྲོད་བྱས་པར་གཞིགས་ན། འགྲན་བསྡུར་ཉིན་གསུམ་གྱི་རིང་ལ། རྟ་ཐོག་ནས་ཁ་དར་ལེན་པ་དང་མདའ་འཕེན་པ། མགོ་ཚེགས་གཏོང་བ་སོགས་རྟ་རྩལ་གྱི་རྣམ་གྲངས་དང་། སྤྱི་ལེ2ཅན་གྱི་འགྲོས་གོམ་འགྲན་བསྡུར། སྤྱི་ལེ3ཅན་དང་སྤྱི་ལེ5ཅན། སྤྱི་ལེ10ཅན་སོགས་ཀྱི་མགྱོགས་རྩལ་འགྲན་བསྡུར་སོགས་ཀྱི་རྣམ་གྲངས་འདུས་ཡོད་པ་རེད། 

    ལི་ཐང་རྫོང་རྟ་རྒྱུག་མཐུན་ཚོགས་ཀྱི་ཚོགས་གཙོ་བསམ་འཕེལ་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོ་ལྟ་བུའི་གཞི་ཁྱོན་ཆེན་པོའི་རྟ་རྒྱུག་འགྲན་ཚོགས་ནི་ཐེངས་གཉིས་པ་དེ་ཡིན་ཞིང་། ད་ལོ་ནས་བཟུང་ལི་ཐང་རྫོང་གིས་ལོ་རེའི་སྤྱི་ཟླ8པར་ལི་ཐང་རྒྱལ་སྤྱིའི་རྟ་རྒྱུག་འདུ་ཚོགས་འཛུགས་གཉེར་བྱ་རྒྱུ་ཡིན་པ་རེད།

ཡུན་ནན་ཤམ་བྷ་ལ་ནས་ཡོང་བའི་ལྷ་རོང་ཕུན་ཚོགས་ཀྱི་རྟ་མཆོག་གིས་ཐེངས་འདིའི་རྒྱང་རྒྱུག་གི་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་རེད་འདུག 

     ལི་ཐང་རྟ་རྒྱུག་རིག་གནས་བརྒྱུད་འཛིན་གཙོ་བོར་བཟུང་ཞིང་མི་རིགས་ཀྱི་སྒྱུ་རྩལ་རིག་གནས་ཀྱི་ཁོངས་སུ་འདུ་བའི་སྲོལ་རྒྱུན་ལུས་རྩལ་འགྲན་བསྡུར་དང་སྲོལ་རྒྱུན་རིག་གནས་འགྲེམ་སྟོན། སྤྲོ་གསེང་ཡུལ་སྐོར་སོགས་གཞི་གཅིག་ཏུ་འདྲེས་པར་བྱས་ནས་བྱ་འགུལ་འདི་འཛུགས་གཉེར་བྱས་པ་རེད་འདུག་ལ། ལི་ཐང་བརྒྱད་པའི་རྟ་རྒྱུག་ཐང་ནི་མིག་སྔར་རང་ཁུལ་གྱི་ཚད་གཞི་ཆེས་ལེགས་ཤོས་དང་སྒྲིག་ཆས་ཆེས་ཕུན་སུམ་ཚོགས་ཤོས་ཀྱི་རྟ་རྒྱུག་ཐང་དེར་གྱུར་ཡོད་པས།  ལི་ཐང་རྫོང་གིས་མ་འོངས་པར་ལི་ཐང་བརྒྱད་པའི་རྟ་རྒྱུག་འདུ་འཛོམས་ཆེན་མོ་དེ་རྒྱལ་ཡོངས་སུ་སྐད་གྲགས་ཅན་གྱི་ཡུལ་སྐོར་སྤུས་ལེགས་ཀྱི་རྣམ་པར་འགྱུར་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།


  • ལེ་ཚན་སྔོན་མ།:གངས་དཀར་རི་བོའི་དུས་དེབ་བགྲོ་གླེང་དང་ཆེད་རམས་པའི་འཆད་ཁྲིད།
  • ལེ་ཚན་རྗེས་མ།:བདེ་སྐྱིད་ནི་རང་གིས་འབད་བརྩོན་བྱས་པ་ལས་བྱུང་།
  • དོ་སྣང་ཆེ་བའི་རྩོམ།