དམའ་འབྲིང་དུས་སྐབས་ཀྱི་རབ་བྱེད་གོ་བདེ་མ།

མྱུག་ཆར།        2019-06-17

ཁང་བཟང་བཀོད་ལེགས་སྐྱེད་ཚལ་ཉམས་སུ་དགའ།།

སྣ་ཚོགས་མི་དང་འཁོར་ལོའི་འདུ་ལོང་གཡོ།།

ཐོབ་འདོད་ཉེར་ལེན་གསེར་ལྡན་གཞོན་ནུའི་རྒྱུན།།

འདུན་ལམ་སྨུག་པོར་ཡིད་ལ་འཇགས་པར་སྤོབས།།

གཙང་བོའི་ཕ་མཐར་བརྒལ་བའི་དུས་བཟང་ཡང་།།

དེ་དང་མཐུན་པ་ཁ་འགྲིག་སོ་འགྲིག་རེད།།

མཁས་མང་ཞབས་སྐྱེས་མེ་ཏོག་འཐོར་བའི་གནས།།

མ་ཡུམ་སློབ་གྲྭའི་ཉི་འོད་གང་སར་འཕྲོས།།

དོན་མེད་བརླག་པའི་གནས་ཚུལ་ཉུང་ན་ཡང་།།

དམར་ནག་གདོང་ལས་ཉིན་ཐོ་འབྲི་བར་བརྩམས།།

ཉལ་འགྲོ་བུ་མོས་དགའ་བའི་གླུ་དབྱངས་ལེན།།

ཚང་ཚིང་ལྗོན་པ་རི་སྐྱེས་འཆམ་པའི་གཞིས།།

ཕྱུགས་རིགས་ཁད་ཀྱིས་བཀྲམ་པའི་སྣང་བརྙན་གསལ།།

སྦྲ་ནག་གོང་ཁའི་དུད་སྤྲིན་འཇམ་པོ་དེས།།

ང་ལ་བསུ་མ་བགྱི་བའི་སྟ་གོན་བྱེད།།

མ་ཡུམ་སློབ་གྲྭའི་སྒོ་ཐེམ་རྡོག་པས་མནན།།

སྙན་པ་དོན་དང་བཅས་པའི་ཡུལ་འདི་རྨད།།

ཕྱོགས་དང་ཕྱོགས་མཚམས་འཛིན་མའི་ཐོང་ག་ལ།།

གྲོང་དང་གྲོང་རྡལ་མུ་ཏིག་སྙེ་མའི་འབྲུ།།

གང་ལ་གང་འཚམ་ཚོམ་བུར་བརྡལ་པའི་མཛེས།།

ཚེ་སྔོན་ལས་བསགས་འཆི་མའི་སྟེངས་ཀ་ལ།།

ཐང་ཅིག་བདེ་འགྲོའི་དབུ་དཀར་འཛུམ་པ་ནས།།

རྩེད་དགའི་འདོད་འཇོ་ལུས་ཀྱི་གར་སྟབས་སུ།།

ན་མཉམ་སྤུན་ཟླའི་རེ་བ་གཅིག་ཏུ་ལྷགས།

སྐྱ་རེངས་ལྷ་མོ་གཉིད་ལས་མ་སད་གོང་།།

གསར་ཤེས་སློབ་གྲོགས་ཕོ་མོའི་སྐད་ངག་གིས།།

ཞོགས་པའི་ཉི་ཟེར་སློབ་རའི་ནང་དུ་བསུས།།

ཚེགས་མེད་རྟོགས་པའི་དྲིན་ལྡན་དགེ་རྒན་ཚོས།།

རེ་རེ་བགོས་ནས་མིང་ཡིག་སྦྱར་བའི་ངོར།།

དམའ་གཅིག་འཛིན་གྲྭ་གཉིས་པར་འཁེལ་འདུག་ཕྱིར།།

བསམ་ཐོག་ཆར་ལ་བསྙིལ་བའི་སྐོར་བྲོ་འཁྲབ།།

ལ་གཞས་སྲིད་པའི་གྲེ་འགྱུར་སེམས་ནས་འཐེན།།

ཐོག་མའི་ངོ་ཤེས་རྣམ་ཕྱུག་ཚེ་རིང་དང་།།

གྲོགས་བཟང་ཆགས་པའི་མེ་ཏོག་སྙིམ་པར་བཏེགས།།

རིག་གནས་གསེར་གྱི་ཟེའུ་འབྲུ་ཡིད་དུ་འོང་།།

རྨད་བྱུང་སློབ་སྐལ་ཉིན་ཞག་རྒྱུ་སྐར་གསལ།།

བགྲོད་བྱ་ལམ་བུའི་རྩ་ཐོག་སྔོན་དུ་བཏང་།།

ཚོར་བའི་བྱ་རོག་འདང་ཆེན་གྲོགས་ལ་མངགས།།

རྣ་བ་ཡར་བསྒྲེངས་མཐོ་རིམ་མི་ལ་བརྩོན།།

རྐང་ལག་མགྱོགས་མྱུར་དབུགས་ལྡན་ཆོས་ལ་བསླབ།།

ཡིད་ཀྱི་གསོས་སུ་ཡ་རབས་མུ་ཏིག་བསྟར།།

ཉིན་ཞག་ལོ་ཟླ་རིམ་གྱིས་འདས་ནས་ཕྱིན།།

ལྔ་བཞིའི་སྐྱེས་སྐར་སེམས་ཀྱི་མདུན་དུ་ལྷགས།།

དགའ་དགུའི་རྟ་ཕོ་འཚོ་བའི་གསོས་སུ་བྲིན།།

སྙན་ངག་བཞད་གར་མགོ་འཛིན་མཉམ་དུ་འཁྲབ།།

ཞིང་ལྔའི་སློབ་མ་ཡོངས་རྫོགས་འཚོགས་པའི་དབུས།།

སློབ་གྲྭའི་སློབ་གཙོ་མཆོག་གི་ཁོ་བོ་ཡིས།།

གནས་ཚུལ་གཞན་ལ་མིག་དཔེ་ཚུལ་དུ་བསྒྲགས།།

གཟི་བརྗིད་བྱ་དགའི་དཔང་ཡིག་བཏང་དུ་བླངས།།

འདྲིས་མེད་གྲོགས་པོ་མང་བོ་གྲོགས་སུ་བྱོན།།

གཡར་བའི་ལས་ཕུང་རླུང་ནང་མར་མེ་ཉིད།།

སྐྱེ་འཆིའི་ཟློས་གར་གློག་གི་འགྱུར་བག་བཞིན།།

ཆགས་སྡང་དགའ་སྐྱོ་གནམ་གྱི་ཐང་རུབ་ངོར།།

མི་འདོད་ལས་ཀྱི་བར་ཆད་ངང་གིས་སླེབས།།

ཁེར་རྐྱང་གདུང་བས་འགྲེ་ལོག་མ་བརྒྱབ་གོང་།།

དབང་འདུས་ལྷ་མོ་སྙིང་གི་ཟབ་ས་ལྷུང་།།

སྔོན་མར་འཁྲེང་ཞེན་བག་ཆགས་ཉུང་ན་ཡང་།།

ད་ལྟ་མིག་གི་སྐད་ཆ་བཤད་བཞིན་ཡོད།།

སློབ་ཁྲིད་སྐབས་སུ་ཕར་ལ་ཅེར་བ་དེ།།

དངོས་སྦྱོང་དགེ་རྒན་ཞིག་གི་དངོས་སུ་བཤད།།

ཀྭ་ཡེ་བདག་གི་འཁོར་བའི་སྙིང་བོ་ཀྱེ།

དབང་འདུས་ལྷ་མོའི་ཞལ་ལ་ཅི་ཡང་ངོམ།།

གཟུགས་ཡག་བུ་མོ་མིག་གི་མ་མཐོང་མིན།།

ཞེ་མཐུན་བུ་མོ་ལྷན་དུ་མ་འགྲོགས་མིན།།

ཡིན་ཡང་དབང་འདུས་ཁྱེད་ལ་དགའ་དགའ་ཞིག།

ད་བར་གཞན་ལ་མ་དགའ་དཀར་པོ་རྡོ།།

ཟས་ན་བསྡད་ན་ཞལ་རས་ཡིད་ལ་དྲན།།

རྒྱུག་ན་སྦྱང་ན་མིག་ཟུང་མདངས་སུ་ཕེབས།།

ཕལ་ཆེར་མྱོས་བའི་བུ་ང་སྤྱང་ཀི་རེད།།

སྤྱང་ཀིའི་ཁྱོད་ཉིད་མི་གཏོང་གནམ་འོག་ཆོས།།

དེ་ལྟར་རང་ཉིད་རྡོག་བརྫིས་གཏོང་དུས་སུ།།

རང་ཡུལ་དྲིན་ཆེན་ཕ་མ་གཡས་སུ་བཞག།

དགེ་རྒན་དམ་པའི་སློབ་གསོ་གཡོན་ནས་བཞག།།

སེམས་མེད་དུད་འགྲོའི་སྤྱོད་པ་འཁྲབ་བཞིན་དུ།།

མཇུག་རྒྱུགས་འཇིགས་སྐྲག་ངང་གིས་སླེབས་པར་དོགས།།

རང་མགོ་རང་གིས་གཡོག་ནས་རྒྱུགས་ལ་རན།།

རྐུན་ལག་འདར་འདར་རྐུན་མིག་རིག་རིག་གིས།།

རྒྱུགས་སྐར་འཛིན་གྲྭའི་ཨང་ཀི་བདུན་པར་སླེབས།།

བུ་མོའི་དམ་བཅའ་སྒང་གི་རྩི་ཐོག་རེད།།

བུ་ཆུང་གླེན་པ་གཤོང་གི་ཤ་ཕོ་འདྲ།།

མི་མཐུན་འདབ་ལོ་རྨང་ནས་བཅོམ་དུས་སུ།།

གཅོང་ནད་དམར་པོའི་སྨྲེ་ངག་ཐན་པོ་བཟོས།།

ཕྱིན་ཆད་འདི་འདྲ་མི་བྱེད་དཀོན་མཆོག་གསུམ།།

ན་མཉམ་སྤུན་ཟླའི་གྲལ་ནས་ལངས་རྒྱུ་ཡིན།།

དངོས་གྲུབ་ལྷ་ཡི་དཔག་བསམ་གྲོགས་སུ་བརྔོས།།

འདོད་འཇོ་ཚིག་གི་བདུད་རྩི་ཟས་སུ་དྲངས།།

རང་བློ་རང་ལ་བརླན་ནས་ཤོག་ངོས་སུ།།

ཐོལ་སྐྱེས་འོག་འགྱུ་ཚོར་བའི་ཆུ་མིག་བརྡོལ།།

བདག་འཛིན་ལྷན་སྐྱེས་ཕུང་བོ་དམ་དུ་བཅིངས།།

མནོག་ཆུང་ལྔ་རིག་བུ་མོའི་མགུལ་ལ་འཁྱུད།།

ཡིད་ཆེས་མིག་ལ་སྣང་བའི་སློབ་སྐབས་ཤིག།

ཡིད་ཀྱི་སྤོབས་པར་བཏེགས་ནས་རྫོགས་དང་ལྷན།།

རེ་ཞིག་སློབ་གྲྭ་བསྐྱུར་ནས་ཡུལ་ལ་ལོག།

ཉིན་མ་གཉིས་གསུམ་ཙམ་ལ་ངལ་གསོ་བྱེད།།

དེ་ལྟར་འདུག་པའི་ཁོམ་པ་གང་ལ་ཡོད།།

བྲོ་ཁ་བརྫངས་བའི་དཔེ་ཁུག་གཡས་སུ་དཔྱངས།།

ཨ་མའི་བསླས་པའི་འུར་ཆ་ལག་དུ་ཐོགས།།

ཐག་རིང་རི་རྩེ་སྒོ་ཟོག་འདེད་དུ་རྒྱུག།

སྐབས་དེར་ལན་ཆགས་ར་དང་ཟོག་ལུག་དག།

གཞན་སྡེའི་རྩྭ་སར་སྙེག་ལ་གོམ་འདུག་པས།།

ནམ་རྒྱུན་དེ་དག་དེད་ནས་ཕྱིར་ལོག་དུས།།

སྐྲག་རྒྱུ་ཡོད་མེད་རང་གི་སེམས་ན་གསལ།།

ཉིན་ཐོག་ཉིན་ལ་བརྩེགས་ནས་ཟླ་གཅིག་འགོར།།

ཟླ་ཐོག་ཉིན་ལ་བརྩེགས་ནས་བར་རྒྱུགས་ཐོན།།

དྲན་འཛིན་སྒོ་མོའི་ངོས་ལ་སྨུག་པ་ཆགས།།

ལང་ཚོའི་མེ་ཏོག་ཆོམ་རྒུན་ལོ་ཟླས་ཁྲིད།།

སྐྱོ་ཆུའི་ཟིལ་ཤུགས་འོག་ནས་སྔུར་བ་འཐེན།།

འཛད་མེད་ཤེས་བྱའི་གཞུང་ལ་བློ་མིག་ལྡོངས།།

རང་ལ་ཨ་ཐང་ཆད་པའི་དུས་སྐབས་དེ།།

བསླབ་འབྲས་སྐར་མ་སྒོ་ངའི་གྲས་སུ་བཤམས།།

རང་བློ་ནང་དུ་སྡུད་པར་དཀའ་ན་ཡང་།།

བརྩོན་འགྲུས་འདུ་ཤེས་ད་དུང་ཆད་མེད་པས།།

འཁྲུལ་མེད་གདམས་ངག་ཡང་ཡང་གནང་བའི་མཐུས།།

སྤྱི་རྒྱུགས་སྤྱི་ཡི་ཕྱོགས་ལ་རེ་བ་སྤུར།།

དང་ཐོག་གཞན་གྱི་རྗེས་སུ་ཆོད་དམ་སྙམ།།

དེ་ནས་ཟླ་ངོ་གཅིག་ལྷག་འགོར་བ་ན།།

སྐད་ཡིག་དགེ་རྒན་མཆོག་གི་གཟབ་སྐུལ་ངང་།།

མིང་ནས་བོས་ཏེ་གཟེངས་བསྟོད་གནང་བའི་མོད།།

ཡིག་གཟུགས་སྙན་ངག་མིག་དཔེ་ཚུལ་དུ་བསྟན།།

སློབ་གྲོགས་ཀུན་གྱིས་གཟའ་འཁོར་འགའ་ཡི་རིང་།།

དཀའ་གནད་གསལ་བའི་མེ་ལོང་བློར་འཛིན་དུས།།

བདག་གིས་མངོན་བརྗོད་རྒྱ་མཚོའི་ཆུ་ཐིགས་གང་།།

ཡང་ཡང་བློ་ལ་སྐྱོར་བའི་ཤར་མར་བྱུང་།།

མཛེས་པའི་རྨི་ལམ་རླུང་ལ་ཞོན་ནས་ལོག།

སྡུག་པའི་མེ་ཏོག་གང་སར་འཐོར་ནས་བབས།།

མཁའ་ན་བཏེགས་པའི་སྣང་བ་དབྱིངས་སུ་སྤུར།།

རང་བློ་རང་གིས་བསྡུ་དཀའི་ཚུལ་དུ་བབས།།

ལྔ་བཞིའི་རྒྱལ་སྤྱིའི་དུས་ཆེན་སླེབས་འདུག་པས།།

ཟླ་བར་སྲུབས་ཀར་བྱེར་བའི་དཔེ་ཇི་བཞིན།།

མག་མོག་ཁྲོད་ནས་རྨི་ལམ་གསར་བ་རྙེད།།

རིག་རྩལ་མགོ་འཛིན་དོན་གཉེར་ལས་ལ་འབད།།

དགོད་སྤྲོ་བཞད་གར་གྲོགས་པོའི་མདངས་ལ་སྡེབ།།

བགྲང་ཡས་ཚོར་བའི་རི་མོ་བཞད་པ་ལ།།

མགྲིན་པའི་རྩ་ལམ་ཕྲ་མོའི་བུ་ག་ནས།།

མ་བཅོས་ལྷུག་པོའི་རོ་དང་ཉམས་ཀྱིས་ཤོར།།

རྟེན་འབྱུང་སྒྱུ་མའི་སྣང་བརྙན་འབུར་དུ་ཐོན།།

ཧམ་པའི་ལྟོ་བར་དཔྱངས་བའི་འཁྱུག་འགྲོས་ཀྱིས།།

བྱེ་མའི་ལུས་ལ་རླུང་གི་རྩི་ཕྱུག་བཞིན།།

ལོ་རེར་རྒུད་པའི་རྒྱུགས་ཀྱིས་བམ་ཁར་རེག།

སྲོག་གི་འགྲེལ་བ་སྟོང་བའི་དབྱངས་ལ་བསྡུས།།

ནད་པ་ལྟ་བའི་ཁོ་བོ་དབྱངས་དེར་སིམ།།

མགོ་བོ་ན་ནས་ཤིན་ཏུ་གཟེར་ཚུལ་དེ།།

བར་ཐག་ཡིན་ན་ཐག་ཉེ་ཐག་ཉེ་རེད།།

མུན་པའི་རྨི་ལམ་དཀྲུགས་པའི་ལོ་ཟླ་འདི།།

སྐར་མའི་ཁ་གྲངས་བོར་བའི་མཚན་མོའི་གཟུགས།།

ཡང་ཡང་བློ་ལ་ཤར་ཞིང་འོངས་བའི་དུས།།

ཡིད་ཀྱི་འོབས་སུ་འཚང་བའི་དྲི་རྟགས་ཡིན།།

དེ་ལྟར་ལོ་ཟླ་ཁ་ཤས་རིམ་གྱིས་འདས།།

སྨྲེ་བ་ཁུར་བའི་ན་བུན་གསལ་བོར་ཕྱེ།།

སེམས་པ་ལང་ཚོ་སྨིན་སའི་གནས་དེར་འཕུར།།

ཡིད་ནི་སྟོང་བསམ་ཞིག་གི་ཁུད་ན་ཡོད།།

གང་བསམ་མངོན་དུ་འགྱུར་བའི་དུས་སྐབས་འདིར།།

ཞིང་ཆེན་ཡོངས་ཀྱིས་བློ་ལྡན་གཞོན་ནུ་གཙོས།།

སློབ་འབྲིང་སློབ་མའི་རྩོམ་ཡིག་འགྲན་བསྡུར་ཁྲོད།།

དང་པོའི་དར་དམར་ང་རྒྱལ་རི་ལ་བཏེགས།།

སྒོར་མོ་ཉིས་སྟོང་ལྷག་གི་བྱ་དགའ་རེག།

སྔར་མེད་འཚོ་བའི་ཁ་དོག་སྒེག་ལ་སྡུག།

སྨྲ་ཤེས་རྐང་རྒྱུ་གྲོགས་ཚོས་མཐེ་བོང་འཛིན།།

རེ་རྙེག་བརླིང་བའི་མགུར་ཆུང་ངག་ལ་བརྒྱུས།།

གསེར་མདོག་གཟི་བྱིན་སྒེའུ་ཁུང་ནང་ནས་འཕྲོ།།

དུས་སྐལ་ཉི་མའི་འོད་སྣང་ཇེ་ཆེར་ཕྱིན།།

སློབ་རིམ་གཉིས་བའི་སྟེགས་བུར་ངང་གིས་འཕར།།

ཞིང་ཆེན་ཕྱི་ནང་ཡོངས་ཀྱི་ཚགས་པར་དང་།།

ཁྱད་པར་རང་སའི་ཡུལ་གྱི་དུས་དེབ་སོགས།།

སློབ་མའི་འཇོན་ཐང་ངོམ་སའི་གར་སྟེགས་སུ།།

རྩོམ་ཡིག་སྣ་ཚོགས་འགྲེམ་སྟོན་བྱེད་པས་ན།།

དམའ་འབྲིང་གཉིས་བའི་དམེ་ཤུལ་ལྷ་སྐྱབས་ཞེས།།

འཛིན་གྲྭ་གཞན་པའི་སློབ་གྲོགས་འགའ་རེས་གླེང་།།

གཞང་ཡང་རྒྱུས་ཡོད་བུ་མོ་ཞེ་མཐུན་འགས།།

ཚིག་གྲོགས་བསྒྲིགས་རྒྱུའི་ལས་བྱ་བཅོལ་བ་ལ།།

བསམ་བཞིན་རྩེ་དགའི་འཁྲིག་ཚིག་སྣ་ཚོགས་ཤིག།

སྙན་པའི་ངག་གི་ཕྲེང་བར་བསྒྲིགས་ནས་བྱིན།།

ལན་རེ་དགའ་སྣང་ལན་རེ་སྐྱོ་སྣང་སོགས།།

འཆར་ཡན་གནམ་ངོ་འཁྲིགས་པའི་སྐབས་ཤིག་ལ།།

ལོ་ཟླའི་སྙན་ལ་བཏེགས་པའི་གོ་སྐབས་ཞིག།

བློ་བའི་དཀྱིལ་ལ་ཀེམ་ཀེམ་འགུལ་བཞིན་སླེབས།།

རྩོམ་པའི་ལྗགས་ཡངས་ངལ་མེད་ཕྱོགས་སུ་བསྲིང་།།

གཙོ་སྦྱངས་གསེར་གྱི་ཐ་སྙད་དམག་ལ་མངགས།།

གཡུར་ཟའི་འབྲས་བཟང་སྡུག་པའི་མེ་ཏོག་བཞིན།།

བསང་ཆུའི་གསར་འགོད་དཔང་ཡིག་སྐྱེས་སུ་བླངས།།

སྣ་ཚོགས་བརྡར་ཤ་གཅོད་པའི་མིག་ཟུང་ཕྱེ།།

འབད་པའི་ཉི་སྟོང་འོད་ཀྱིས་དྲུངས་ནས་འཚེར།།

གྲུབ་འབྲས་དཔལ་ཡོན་དྲི་ངད་རབ་འབར་བས།།

གསར་འགོད་བྱ་དགའ་ཞིག་ཀྱང་ཐོབ་པའི་ན།།

སློབ་གྲྭའི་སློབ་སྟོན་པ་སོགས་མགོ་ཁྲིད་འགས།།

ནང་གི་ཀུན་སློང་རབ་དཀར་ཁ་བ་དང་།།

བརྒྱ་ཕྲག་བྱ་བར་མི་སེམས་རང་སྐྱ་ཐུབ།།

ཞེས་ཀྱང་བསྟོད་པ་ཡང་ཡང་བྱེད་པའི་མོད།།

རེས་མོས་གྲོགས་པོ་མང་བོའི་ཡིད་སྟོན་སྙེད།།

འཛད་མེད་ལས་ཀྱི་ཆུ་བོའི་རླབས་ཀྱི་རྒྱུན།།

ཉམས་མེད་སྤོབས་པའི་གདངས་དབྱངས་གྲོགས་སུ་མངགས།།

སྔར་མེད་ཤེས་བྱའི་གསང་ཚིག་ནོར་བུའི་མདངས།།

གྲངས་མེད་གདུལ་བྱའི་འཛིན་མར་འོད་ཀྱིས་འཁྱུད།།

དེ་དུས་འཇོན་ཐང་གར་སྟེགས་དཔྱིད་དུ་ལྷམ།།

ལག་རྩེད་སྤོ་ལོའི་དགའ་ཕྱོགས་སེམས་ལ་སིམ།།

སྟངས་སྟབས་རྩལ་དགུ་བཏོན་པའི་བར་གསེང་ནས།།

དགའ་ཕྱོགས་ནོར་བུའི་ཞེན་པ་དགུང་ལ་འཕྱར།།

རིག་གཞུང་གསེར་གྱི་ཕྱྭ་གཡང་སྐལ་ལ་བབས།།

རེ་རེ་སྔུན་ལ་བསྟར་པའི་སྔ་རྗེས་སུ།།

དམར་མདངས་ཆགས་པའི་གདོང་གི་ཕྱོགས་བཞི་ལ།།

ཁྲེལ་ཡོད་བུ་མོ་རྒྱུས་མེད་ཆེ་གེ་མོས།།

དགའ་རོགས་སྒྲིག་ཞེས་གསང་བའི་འཕྲིན་ཡིག་ཀྱང་།།

ངོ་ཤེས་བུ་མོ་ཞིག་གི་བསྐྱལ་ཡོང་ནས།།

བརྩེ་འདང་ཚེམས་ཕྲེང་ངོམ་པའི་ན་ཆུང་མས།།

སྐྱེ་འཆིའི་འདུ་ཤེས་སྲོག་གི་རིན་ཐང་ཙམ།།

ལེན་ཕྱིར་སློབ་གྲྭའི་ཚལ་ན་གནས་འགྱུར་ཀྱང་།།

མིག་གི་མདའ་མོ་གཏོད་ས་ཁྱོད་ཡིན་ཞེས།།

ཡང་ཡང་བཤད་པའི་ཚོར་བ་བརྗེད་རྒྱུ་མེད།།

དོན་དངོས་ཡིན་མིན་རང་རང་སེམས་ན་གསལ།།

རང་དོན་བདེན་མིན་གཞན་ལ་མི་རག་མོད།།

དུང་ཞེན་ཟབ་པའི་སེམས་ཀྱི་རི་མོའི་ཤུལ།།

བདེན་པར་སིམ་ན་ཧ་ཅང་འགྲིག་གི་སྙམ།།

དེ་ནས་སློབ་པའི་འདུ་ཤེས་ཐོལ་ནས་བོར།།

རང་སེམས་རྒོད་པོ་བརྩེ་བའི་བཙོན་དུ་བཅུག།

ཁོ་མོས་སླར་ཡང་ང་ལ་འདི་འདྲ་སྟེ།།

ཡོད་མེད་མེད་མིན་འདི་མིན་དེ་ཡིན་སོགས།།

དམིགས་ཡུལ་འདི་ཡིན་བཀག་རྒྱ་འདི་འདུག་སོགས།།

དྲི་བའི་སྒྲོམ་ལས་གྲུབ་པའི་འཕྲིན་ཆུང་ཞིག།

འཕྲིན་གྱི་བྱ་མ་རྟ་ཡི་ལག་ལ་བསྐུར།།

བསམ་མེད་བྱིས་པའི་གར་ལ་རྩེད་འདོད་མེད།།

དྲི་མེད་སེམས་ཀྱི་གཏིང་མཐའ་འདི་ནས་བཤམས།།

སྔོན་བསགས་ལས་ལ་སྨོན་པའི་སེམས་པ་ཉིད།།

དྲི་བྲལ་གཏམ་ལན་སྲུབས་ཀྱི་ཚིལ་ལི་ཡིན།།

བརྩེ་འཕྲིན་ཕྱག་ཟུང་མཉེན་པོ་དལ་གྱིས་བྲིས།།

དམར་ཆུང་སེམས་ཀྱི་དམ་བཅའ་འདི་ནས་ཞོག།

ལས་ཀྱི་པད་དཀར་རྐང་གཅིག་འཁྲུངས་བའི་མོད།།

དགྱེས་འཛོམས་ཡིད་ཀྱི་མེ་ལོང་ཕྱོགས་སུ་བསྲིང་།།

དུང་སེམས་དྲོད་རླངས་འཕྱོ་བའི་ཁྲག་གསེབ་ནས།།

ཐར་བའི་སླར་བྱུང་དགུན་གྱི་ཁུ་ལོའི་དབྱངས།།

འཇིགས་རུང་གཉེར་མ་བསྡུས་པའི་ཚུལ་ཡང་དཀོན།།

ཟིན་མེད་བྱ་བས་འོ་བརྒྱལ་བརྗིད་ན་ཡང་།།

ནང་སེམས་བདེ་བའི་མཁའ་དབྱིངས་གསལ་ལྷིང་ངེར།།

རྒུད་པའི་མཚོན་ན་བཏུད་ཀྱང་སྙིང་ཆུང་འདི།།

དུས་ཀྱི་འཁོར་ལོའི་ཁྲོད་ན་དར་ལྕོག་བཞིན།།

ལྷབ་ལྷུབ་བསྐྱོད་པའི་སྒང་ལ་ཅི་ཡང་བཀྲ།

དེ་ནས་ཟླ་ངོ་ལྷག་གཅིག་འགོར་བ་ན།།

སློབ་རའི་མཁའ་དབུགས་རྔུབ་པའི་འདུ་ཤེས་ཞིག།

ཕྲན་གྱི་སེམས་པའི་དཀྱིལ་ལ་བསྐུལ་བར་སྤྲོ།།

མ་སྐུལ་དང་བླངས་བརྡ་ཐོ་ཞིག་ཀྱང་བྲིས།།

དེ་རུ་རྩོམ་དགའ་གཞོན་ནུར་ཁ་ཕྱོགས་ནས།།

སྐར་འོད་ཞེས་པའི་ཚགས་པར་ཞིག་ཀྱང་བསྒྲུབས།།

བླ་མེད་དགེ་རྒན་དག་གི་ཚད་བརྒལ་གནང་།།

གྲོགས་བརྩེ་འདབ་ལྡན་དྲི་བསུང་ཕྱོགས་སུ་ཁྱབ།།

སྔར་མེད་ལམ་ཀ་རེ་བའི་ཁུར་གྱིས་བརྗིད།།

བྱ་བར་འོས་བ་མིན་པའི་ཕོ་མོའི་ལས།།

ཡང་ཡང་སེམས་ལ་འཁོར་བའི་སྐབས་ཤིག་ལ།།

ངེད་ཀྱི་སྙིང་གྲོགས་ཞེ་མཐུན་ཆེ་གེ་མོར།།

རྫུན་གྱི་ཁུང་བུ་ཡང་ཡང་བརྟོལ་པའི་མོད།།

ཁྲེལ་ཡོད་ངོ་ཚའི་སྐ་རགས་དམ་དུ་ལྷོད།།

ཡོལ་བས་བསྒྲིབས་པའི་མིག་ཟུང་སླར་ཡང་ཕྱེ།།

རྒ་བའི་ཁུར་གྱིས་མ་དེད་ལང་ཚོའི་མདངས།།

རིག་པའི་བཅུད་ལ་ཕྱོགས་པའི་གཤོག་ཟུང་མཉེན།།

དྲན་ཚད་དེང་རབས་དུས་ཀྱི་ཆ་དང་མཐུན།།

ཡོད་ཚད་སྙིང་ནས་མ་འདྲུལ་བློ་ཡིས་ལྕོགས།།

རང་ལ་ཆ་རྒྱུས་ཡོད་པ་ཆེ་གེ་མོས།།

ང་རྒྱལ་ཆེ་ཞེས་ཡང་ཡང་གླེང་བའི་མོད།།

རང་སེམས་གདོན་གྱིས་བརླན་པའི་ཚུལ་ཡང་ཡོད།།

ལྐོག་ཏུ་ངན་སྨྲས་བྱེད་པའི་མི་ཁ་ལ།།

སྐྲག་སྣང་ཡོད་ཀྱང་བདེན་མིན་ལྷུར་ལེན་མེད།།

སླར་ཡང་ཤོ་ལོ་དྲུག་ཅུའི་རྩོམ་ཡིག་ཉིད།།

སློབ་རའི་དུས་དེབ་སྟེང་དུ་འགོད་འདོད་ཀྱིས།།

འདུན་པ་ཤིན་ཏུ་དྲག་པའི་བར་སྐབས་དེ།།

རྩོམ་ཡིག་བརྒྱ་ཕྲག་ཙམ་ཞིག་བོར་བརླག་ཐེབས།།

སེམས་ལ་གནོང་འགྱོད་གློ་ལུད་སོ་འདར་སོགས།།

སེམས་ཚས་གཏོལ་མེད་གྱུར་བའི་སྐབས་ཤིག་ལ།།

རྟོགས་བཏགས་གླང་བོའི་ཟློས་གར་འཁྲབ་བཞིན་དུ།།

ཡིད་ཀྱི་སྦྲང་ཆུང་ཉེས་བའི་རྡོག་ཁྲེས་ཅན།།

མུ་མེད་བཙོན་དོང་ནང་ན་ངལ་བས་མནར།།

དེ་ལྟར་སློབ་སྐབས་ཞིག་ཀྱང་མཇུག་བསྒྲིལ་སོང་།།

དམའ་གསུམ་སྒོ་ཐེམ་སྙེག་པའི་འདུན་པ་ཕྲ།།

སེམས་པསྙི་མོ་ནམ་ལ་ཀེར་ནས་ནི།།

སྡུག་བསྔལ་སྨྲེ་ངག་ཡང་ཡང་ཞུ་བའི་མཐར།།

རྩོམ་འབྲིའི་ལས་ཀ་རེ་ཞིག་བཞག་ནས་ནི།།

མི་ཚེ་རིན་ཐང་འཚོལ་བའི་སྔོན་འགྲོ་རུ།།

འབྲིང་རྒྱུགས་ཕྱོགས་ལ་གོམ་པ་བསྒྱུར་བའོ།།


  • ལེ་ཚན་སྔོན་མ།:དབྱངས་ཅན་མ།
  • ལེ་ཚན་རྗེས་མ།:དུས་བཞིར་བསྔགས་པ་སྦྲང་མའི་སིར་སྒྲ།