ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གནང་།

        2019-06-12

    མི་དམངས་དྲ་བ་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ཐད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་ལག་བསྟར་བྱ་རྒྱུ་དེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་དང་འབྲེལ་བ་ཡོད་པ་དང་། ཐོན་ཁུངས་གྲོན་ཆུང་ངང་སྤྱོད་རྒྱུ་དང་འབྲེལ་བ་ཡོད་ལ། སྤྱི་ཚོགས་དཔལ་ཡོན་ཆུ་ཚད་ཀྱི་མཚོན་ཚུལ་གལ་ཆེན་ཞིག་ཀྱང་ཡིན་པ་རེད་ཅེས་ནན་བཤད་གནང་བ་རེད།

    ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེ་ཁྱབ་གདལ་གཏོང་བའི་འགག་རྩ་ནི་ཚན་རིག་དང་མཐུན་པའི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། ཡུན་ཕན་ལམ་སྲོལ་ཆགས་པར་བྱེད་པ་དང་། གོམས་གཤིས་སུ་ཆགས་པར་སྐུལ་འདེད་གཏང་དགོས། ཁྲིད་སྟོན་ལ་ཤུགས་སྣོན་བརྒྱག་དགོས་ལ། ཡུལ་བབ་དང་བསྟུན་དགོས་ཤིང་། རྒྱུན་མཐུད་དུ་སྐུལ་འདེད་གཏང་དགོས་ལ། ལས་དོན་ཞིབ་ཚགས་དང་ཏན་ཏིག་ངང་བསྒྲུབ་དགོས། དམ་འཛིན་ལྷོད་མེད་ཀྱིས་བསྒྲུབ་དགོས་ལ། ཡོངས་ཁྱབ་ཏུ་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་སྤེལ་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་གད་སྙིགས་རིགས་དབྱེ་ལག་བསྟར་བྱེད་པའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ངོས་འཛིན་ཐུབ་པར་བྱ་དགོས། ཕན་ནུས་ལྡན་པའི་ལྟ་སྐུལ་ཁྲིད་སྟོན་བྱས་ནས་མི་དེ་བས་མང་པོར་བྱ་སྤྱོད་སྤེལ་བཅུག་སྟེ་གད་སྙིགས་རིགས་དབྱེའི་གོམས་གཤིས་བཟང་པོ་སྐྱེད་སྲིང་བྱ་དགོས། སྤྱི་ཚོགས་ཡོངས་ཀྱིས་ལག་པ་འགུལ་ནས་མཉམ་དུ་འཚོ་བའི་ཁོར་ཡུག་ལེགས་སུ་གཏོང་ཆེད་འབད་བརྩོན་བྱེད་པ་དང་། མཉམ་དུ་ལྗང་མདོག་འཕེལ་རྒྱས་དང་རྒྱུན་མཐུད་འཕེལ་རྒྱས་ལ་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།

      ཞི་ཅིན་ཕིང་གིས་གད་སྙིགས་རིགས་དབྱེའི་ལས་དོན་ལ་ཐུགས་ཁུར་ཆེན་པོ་གནང་ཡོད། 2016ལོའི་སྤྱི་ཟླ12པར་ཁོང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་འགོ་ཁྲིད་ཚོ་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་གཏོང་རྒྱུར་ཞིབ་འཇུག་གནང་ཞིང་། ཁོང་གིས་རིགས་དབྱེ་གཏོང་འགྲེམས་དང་། རིགས་དབྱེ་བསྡུ་རུབ། རིགས་དབྱེ་སྐྱེལ་འདྲེན། རིགས་དབྱེ་ཐག་གཅོད་བཅས་ཀྱི་གད་སྙིགས་གཙང་སེལ་མ་ལག་གང་མགྱོགས་སུ་བཙུགས་ཏེ། ཁྲིམས་སྐྱོང་གིས་རྨང་གཞིར་བྱེད་པ་དང་། སྲིད་གཞུང་གིས་སྐུལ་འདེད་གཏོང་བ། དམངས་ཡོངས་ཞུགས་པ། གྲོང་ཁྱེར་དང་གྲོང་གསེབ་གཅིག་གྱུར་འཆར་འགོད་བྱེད་པ། ཡུལ་བབ་དང་བསྟུན་པ་བཅས་ཀྱི་གད་སྙིགས་རིགས་དབྱེའི་ལམ་ལུགས་ཆགས་པར་བྱས་ནས། གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་རྒྱ་ཆེ་རུ་གདལ་ཧུར་ཐག་གཏང་དགོས་ཞེས་ནན་བཤད་གནང་བ་རེད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་གད་སྙིགས་རིགས་དབྱེའི་ལམ་ལུགས་ཁྱབ་གདལ་མགྱོགས་སུ་བཏང་སྟེ། རྒྱལ་ཡོངས་ཀྱི་གད་སྙིགས་རིགས་དབྱེའི་ལས་དོན་དེ་གནད་གཅིག་ནས་ཁྱོན་ཡོངས་ལ་ཁྱབ་པ་དང་། རིམ་བཞིན་སྤེལ་འགོ་ཚུགས་ལ། ཕན་འབྲས་རགས་ཙམ་ཐོན་ཡོད། གཙོ་གནད་གྲོང་ཁྱེར46གིས་སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱས་ནས་གད་སྙིགས་རིགས་དབྱེའི་ལས་དོན་ལ་སྐུལ་འདེད་བཏང་བས་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད། 2019ལོ་ནས་བཟུང་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱིས་འཚོ་བའི་གད་སྙིགས་རིགས་དབྱེའི་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་རེད། 2020ལོའི་ལོ་མཇུག་ཏུ་བསླེབ་སྐབས་གཙོ་གནད་གྲོང་ཁྱེར46གིས་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་ཡིན་པ་དང་། 2025ལོའི་ལོ་མཇུག་བར་དུ་རྒྱལ་ཡོངས་ཀྱི་ས་ཁུལ་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱིས་གད་སྙིགས་རིགས་དབྱེའི་གཙང་སེལ་མ་ལག་གཞི་རྩའི་ཆ་ནས་བསྐྲུན་རྒྱུ་རེད།།


  • ལེ་ཚན་སྔོན་མ།:ཞིང་ལས་དང་གྲོང་གསེབ་པུའུ་ཡིས་གྲོང་གསེབ་བཅོས་སྐྱོང་གི་དཔེ་མཚོན་གནད་དོན་ཁག་དང་པོ་ཁྱབ་བསྒྲགས་བྱས་པ།
  • ལེ་ཚན་རྗེས་མ།:སི་ཁྲོན་གྱིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱས་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་བརྒྱ་ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།