ཆོས་རྗེ་ས་པཎ་ལ་གྱིམ་ཤིང་གི་མཆོད་པ།

ཁ་བའི་རྒྱལ་སྲས།        2019-06-10

སྲིད་པའི་གྲོང་ནས་ཐར་བའི་ས་བོན་སྟབས།།

འཁོར་འདས་བར་ལ་ཐབས་ཤེས་ཐེམ་སྐས་འཛུགས།།

སྐུ་བཞིའི་ཀློང་ན་ཆོས་སྐུའི་ངོ་བོར་གྲོལ།།

འགྲོ་བའི་མགོན་པོ་རྟག་ཏུ་རྒྱལ་གྱུར་ཅིག།


མཐའ་ཡས་ཤེས་བྱའི་ཆོས་ཀུན་གཟིགས་པ་པོ།།

མཁའ་མཉམ་འགྲོ་ལ་ངེས་ལེགས་སྟོན་པ་པོ།།

བསམ་ཡས་འཕྲིན་ལས་ཕྱོགས་བཅུར་འགྱེད་པ་པོ།།

ས་སྐྱ་ཀུན་དགའ་རྒྱལ་མཚན་གཙུག་ན་རྒྱལ།།


མི་ཡིས་ལྷ་རིགས་འཁོན་གདུང་འཛིན་པ་པོ།།

ལས་བཞིའི་འཕྲིན་ལས་སྒྲུབ་ལ་འབྱོར་བ་པོ།།

དགའ་བཞིའི་ཡེ་ཤེས་ཉམས་སུ་མྱོང་བ་པོ།།

འགྲོ་ལ་བུ་གཅིག་ལྟ་བུ་བྱམས་པ་པོ།།


ཕྱི་ལྟར་མི་ཡི་གཟུགས་སུ་བྱོན་པ་པོ།།

ནང་ལྟར་གནས་ལྔ་མ་ལུས་མཁྱེན་པ་པོ།།

གསང་བ་ས་ལམ་རྟོག་པ་བརྙེས་པ་པོ།།

ཕྱི་ནང་གསང་སུམ་ཡོན་ཏན་འབྱོར་བ་པོ།།


མཐའ་མེད་མ་ལ་བུ་ལྟར་བྱམས་པ་པོ།།

སྐྱེ་རྒུའི་འགྲོ་ལ་སྙིང་རྗེ་མངའ་བ་པོ།།

ལུས་ཅན་ཀུན་ལ་བདེ་བ་བསྒྲུབ་པ་པོ།།

སྐྱེ་ལྡན་ཐམས་ཅན་ཉེ་རིང་བྲལ་བ་པོ།།


མཁས་དང་གྲུབ་པ་ཀུན་གྱིས་བསྟེན་པ་པོ།།

དམ་ཆོས་བསླུ་མེད་སྒོ་ཆེན་འགྱེད་པ་པོ།།

རིག་གྲོལ་འཕགས་པ་མི་རུ་བྱོན་པ་པོ།།

སྐྱབས་གསུམ་ངོ་བོ་གཅིག་ཏུ་འདུས་པ་པོ།།


ཐོས་པས་གཞུང་ལུགས་མ་ལུས་གསན་པ་པོ།།

བསམ་པས་གཞུང་ཀུན་གནད་གཅིག་དྲིལ་བ་པོ།།

བསྒོམ་པས་སྐུ་བཞིའི་བདག་ཉིད་གྱུར་བ་པོ།།

ཐོས་བསམ་བསྒོམ་པའི་འབྲས་བུ་མངོན་པ་པོ།།


འཆད་པས་འགྲོ་རྣམས་རྨོངས་ལས་བསྒྲལ་བ་པོ།།

རྩོད་པས་ལོག་ལམ་ཚང་ཚིང་བསྲེགས་པ་པོ།།

རྩོམ་པས་ཐུབ་བསྟན་ཉིན་ལྟར་གསལ་བ་པོ།།

འཆད་རྩོད་རྩོམ་ལ་ཆགས་ཐོགས་བྲལ་བ་པོ།།


ཁྱེད་སྐུ་དཔེ་བྱེད་བཟང་པོའི་རྒྱན་པ་པོ།།

ཁྱེད་གསུངས་དྲུག་ཅུའི་དབྱངས་དང་ལྡན་པ་པོ།།

ཁྱེད་ཐུགས་ཟག་མེད་བདེ་ལ་རོལ་པ་པོ།།

སྐུ་གསུང་ཐུགས་ཀྱི་ཡོན་ཏན་རྫོགས་པ་པོ།།


མཁྱེན་པས་རབ་གཟིགས་བརྩེ་བས་རྗེས་བཟུང་ནས།།

བསྐལ་མང་རྙེད་དཀའི་མི་ལུས་དོན་ལྡན་དང་།།

ཡང་དག་དམ་ཆོས་དཀར་པོ་མཐར་ཕྱིན་ཞིག།

བརྩེ་ཆེན་བླ་མ་ཁྱེད་ཀྱིས་བྱིན་གྱིས་རློབས།།


འདི་བྲིས་དགེ་བ་གང་ཞིག་མཆིས་སྲིད་ན།།

མ་རྣམས་རྗེ་བཙུན་ཁྱེད་ཀྱིས་རྗེས་ཞུགས་ཏེ།།

དབང་བཞིས་རང་རྒྱུད་རབ་ཏུ་བརླན་བྱས་ནས།།

ཟུང་འཇུག་རྡོ་རྗེ་འཆང་ཆེན་མངོན་གྱུར་ཤོག།



  • ལེ་ཚན་སྔོན་མ།:དཔེ་ཀློག་གི་མྱོང་ཚོར་ཕྲན་བུ།
  • ལེ་ཚན་རྗེས་མ།:སེམས་ཀྱི་རྟ་ཕོ་མཐུར་མེད།