ནད་གཡོག་སྨན་པའི་ལས་རྐང་བརྟན་སྲུང་བྱེད་བཞིན་པའི"ལྷའི་ཕོ་ཉ།"

དབྱངས་ཅན་གྱིས་བྲིས།        2019-06-10

ནད་གཡོག་སྨན་པའི་ལས་རྐང་བརྟན་སྲུང་བྱེད་བཞིན་པའི

   ད་ལོའི་སྤྱི་ཟླ5པའི་ཚེས12ཉིན་ནི་རྒྱལ་སྤྱིའི་ནད་གཡོག་སྨན་པའི་དུས་ཆེན་ཐེངས107པ་ཡིན་ཞིང་། ཉིན་དེར་ཏག་ཏག་གཟའ་ཉི་མ་དང་འཁེལ་བ་རེད། ནད་གཡོག་སྨན་པ་ཁྲི་སྟོང་མང་པོས་རང་གི་དུས་ཆེན་འདིའི་ནང་ཁོ་ཚོས་སྔར་བཞིན་རང་ཉིད་ཀྱི་ལས་གནས་སུ་བྲེལ་བཞིན་ཡོད་པ་རེད། ཁུལ་སྨན་ཁང་འགོས་ནད་ཚན་ཁག་གི་ནད་གཡོག་སྨན་པ་ཡིན་པའི་ཁྲེན་ཆན་ནི་ད་ལོར་ལས་དོན་བསྒྲུབས་ནས་ལོ་བཅུ་འདས་སོང་བ་རེད། ལོ་བཅུའི་རིང་ལ་ང་རང་ལ་ཐོབ་ཚོར་ཆེས་ཆེ་ཤོས་ནི་རང་ཉིད་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་རང་ཉིད་ཀྱི་ནད་གཡོག་སྨན་པའི་འགན་འཁྲི་ཧུར་ཐག་བསྒྲུབས་པ་དེ་ཡིན་ཞེས་ཁྲེན་ཆན་གྱིས་དེ་ལྟར་བཤད་པ་རེད།

འགན་འཁྲི་སེམས་སུ་བཅངས་ནས་རང་ཉིད་ཀྱི་ལས་གནས་ཐོག་འབད་འཐབ་བྱེད།

སྨྱུག་འཛིན་པ་བཅར་འདྲི་བྱེད་དུ་འགྲོ་བའི་ཉིན་མོར་ཁྲེན་ཆན་སྔར་དྲོའི་ཆུ་ཚོད8པ་ནས་ཕྱི་དྲོའི་ཆུ་ཚོད4པའི་བར་དུ་ལས་རེས་བྱས་པ་དང་འཁེལ་འདུག ཞོགས་པའི་ཆུ་ཚོད7དང་སྐར་མ40ཡས་མས་ལ་ཁྲེན་ཆན་གཞུང་ལས་ཁང་དུ་ཐོན་མ་ཐག་ལག་ཏུ་ཁྱེར་ཡོད་པའི་ཁུག་མ་དེ་ཕར་བཞག་རྗེས། མོག་མོག་གཉིས་ཁྱེར་ནས་སྒོ་ཕྱིར་བུད་ནས་ནད་པའི་སྡོད་ཁང་ཕྱོགས་སུ་རྒྱུག།

ཨ་མྱེ་ལགས། ཁ་སང་ང་རང་གིས་ཁྱེད་རང་གཅིག་པུས་འགྲོ་ལུགས་སྒྲུབ་བཞིན་པར་མཐོང་བྱུང་བས། ཁྱེད་རང་གི་ཁྱིམ་མི་ཚོ་དབྱར་རྩྭ་དགུན་འབུ་རྐོ་བར་བྲེལ་ནས་ལྟ་སྐྱོང་བྱེད་མཁན་མེད་པ་རེད་སྙམ་ནས་ངས་ཁྱེད་རང་ལ་ཞོགས་ཟས་ཤིག་ཁྱེར་ཡོད། ཁྱེད་རང་གིས་ཚ་མོ་ཡིན་ཚེར་ཟ་ན་འགྲིག་གིན་རེད་ཟེར་ཞོར་དུ་མོག་མོག་དེ་ཉལ་ཁྲི8པའི་ནད་པར་སྤྲད་ནས་ནད་པའི་སྡོད་ཁང་ནས་ཕྱིར་བུད་རྗེས། དེ་ནས་གཞུང་ལས་ཁང་དུ་ཡོང་ནས་ནད་གཡོག་སྨན་པའི་གོས་དང་།ཞྭ་མོ། ཁ་ཤུབས། ལག་ཤུབས་བཅས་གྱོན་རྗེས་ཉིན་གཅིག་གི་ལས་ཀ་སྒྲུབ་འགོ་བཙུགས་པ་རེད།

2010ལོར་ཁྲེན་ཆན་ལ་ཕུལ་དུ་བྱུང་བའི་སྦྱངས་འབྲས་ཐོབ་ནས་ཁུལ་འཕྲོད་བསྟེན་སློབ་གྲྭ་ནས་སློབ་མཐའ་ཕྱིན་རྗེས། ཁོ་མོས་ནང་ལོགས་ས་ཁུལ་དུ་ལས་དོན་སྒྲུབ་པའི་གོ་སྐབས་བསྐྱུར་ནས་དར་མདོར་ལས་དོན་བསྒྲུབ་རྒྱུའི་སེམས་ཐག་ཆོད་པ་རེད། ཁྲེན་ཆན་གྱིས་གསར་འགོད་པ་དང་གླེང་མོལ་བྱེད་སྐབས། ཁོ་མོའི་ཕ་མ་དར་མདོར་ཡོད་ལ། ཁྱིམ་ཡང་དར་མདོར་ཡོད་སྟབས་ང་རང་ཡུལ་འདིར་སྡོད་བསམ་པ་ཡིན། སྔོན་ཆད་ཁྱིམ་མི་ཚོར་ནད་ཕོག་སྐབས་ནད་གཡོག་སྨན་པ་ཚོས་དཀའ་ལས་ཧུར་ཐག་བྱེད་བཞིན་པར་མཐོང་མྱོང་། ང་རང་ཆུང་དུས་ནས་སྨན་བཅོས་མི་སྣ་ཞིག་བྱེད་ཐུབ་པའི་ཕུགས་འདུན་བཅངས་མྱོང་ཞེས་བཤད་པ་རེད།

ང་རང་ཐོག་མར་ཁུལ་སྨན་ཁང་དུ་ལས་ཀར་ཞུགས་པའི་སྐབས་སུ། ཨ་མས་ང་རང་ལ་ནད་པར་ངང་རྒྱུད་རིང་དགོས་པ་མ་གཏོགས་ལས་དོན་སྒྲུབ་དུས་ངང་ཐུང་སྤྱོད་རྩུབ་བཟོ་མི་རུང་ཞེས་བསླབ་བྱ་བྱས་མྱོང་། ལོ10ཡི་རིང་ལ་ང་རང་གིས་ཨ་མའི་བསླབ་བྱ་འདི་མཐའ་གཅིག་ཏུ་བློར་བཅངས་པ་ཡིན་ཞེས་ཁྲེན་ཆན་གྱིས་སྨྱུག་འཛིན་པར་དེ་ལྟར་བཤད་པ་རེད།

2014ལོར་ང་རང་ཧྭ་ཞི་སྨན་ཁང་དུ་ཟབ་སྦྱོང་བྱེད་སྐབས། སྨན་ཁང་ནང་གི་ནད་གཡོག་སྨན་པ་ཚོ་གོ་རིམ་བསྒྲིགས་ནས་དོ་དམ་བྱེད་སྟངས་དེ་ཧ་ཅང་ཡག་པོ་ཡིན་པའི་མཐོང་ཚོར་བྱུང་། ང་རང་དར་མདོར་ཕྱིར་ལོག་རྗེས་འགོ་ཁྲིད་ལ་ང་ཚོས་ཧྭ་ཞི་སྨན་ཁང་གི་གོ་རིམ་བསྒྲིགས་ནས་དོ་དམ་བྱེད་སྟངས་དེ་དཔེ་ལྟ་ས་བྱས་ན་ཧ་ཅང་ཡག་འདུག་ཅེས་གྲོས་གཞི་བཏོན་པ་ཡིན། འགོ་ཁྲིད་ཀྱིས་བསམ་བློ་ཞིབ་ཕྲ་བཏང་རྗེས་ངའི་བསམ་ཚུལ་ལ་ཡིད་མཐུན་བྱུང་ནས་དང་ལེན་བྱས་བྱུང་ཞེས་བཤད་པ་རེད། འགོས་ནད་ཚན་ཁག་གི་ལས་རེས་ནད་གཡོག་སྨན་པ་གཞན་ཞིག་གིས་གསར་འགོད་པར་ཁྲེན་ཆན་གྱིས་བཏོན་པའི་དོ་དམ་བྱེད་ཚུལ་འདིས་ང་ཚོའི་ལས་ཆོད་མཐོ་རུ་ཕྱིན་ཐུབ་པར་མ་ཟད།ད་དུང་ང་ཚོ་དང་ནད་པའི་བར་འབྲེལ་བ་ཡག་པོ་ཞིག་འཛུགས་ཐུབ་པ་རེད་ཅེས་བཤད་པ་རེད།

ལས་གནས་བརྟན་སྲུང་བྱས་ཏེ་ནད་པ་དང་ལྷན་དུ་བདེ་ཐང་ལམ་དུ་བསྐྱོད།

ད་ལོར་ཁྲེན་ཆན་གྱིས་འགོས་ནད་ཚན་ཁག་ཏུ་ལས་དོན་བསྒྲུབས་ནས་ལོ་བརྒྱད་འདས་པ་རེད། ཐོག་མར་འགོས་ནད་ཚན་ཁག་ཏུ་ལས་བགོས་བརྒྱབ་ཡོད་པའི་གནས་ཚུལ་ཤེས་སྐབས་ང་རང་སེམས་པ་ཧ་ཅང་སྡུག་མྱོང་ཞེས་ཁྲེན་ཆན་གྱིས་སྦས་གསང་མེད་པའི་སྒོས་དེའི་སྐབས་ཀྱི་མྱོར་ཚོར་བཤད་བཞིན་པ་རེད། སྐབས་དེར་མོ་རང་ལོ་ན20ལས་མེད་པས་འགོས་ནད་ཚན་ཁག་གི་སྒོ་ཆེན་ནང་འཛུལ་མི་ཕོད་པའི་མྱོང་ཚོར་ཤར་མྱོང་ཞིང་། སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱིས་ནད་པ་གདམ་ག་རྒྱག་དབང་མེད་པ་རེད། ཡིན་ནའང་འགོས་ནད་ཚན་ཁག་ཏུ་ཁྱོད་རང་གིས་ཐོག་མར་ངེས་པར་དུ་རང་ཉིད་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་ཨ་མས་འདི་ལྟར་མོ་ལ་བསླབ་བྱ་བརྒྱབ་པས།མོ་རང་གིས་ལས་ཁུངས་ཀྱི་བཀོད་སྒྲིག་དང་ལེན་བྱས་པར་མ་ཟད་འགོས་ནད་ཚན་ཁག་ཏུ་ད་བར་དུ་བསྡད་པ་ཡིན་ཞེས་བཤད།

ཀྲང་མིང་ནི་འདུས་འདྲིལ་གྱི་ཁྲག་སྐྱུག་པའི་ནད་ཚབས་ཆེན་ཕོག་པའི་ནད་པ་ཞིག་རེད། དུས་སྐབས་ཤིག་ལ་སྨན་བཅོས་བྱས་རྗེས་ལུས་པོ་མངོན་གསལ་ཡག་པོ་དྲག་འདུག སྨན་ཁང་གིས་ཁོ་རང་སྨན་ཁང་ནས་བུད་བཅུག་སྟེ་ཁྱིམ་དུ་ལུས་པོ་གསོ་སར་མངགས་ཀྱང་ཁོས་རང་དགར་གྱིས་སློབ་གྲྭར་ཕྱིར་ལོག་པ་རེད། སློབ་གྲྭར་ལོག་རྗེས་ཁོས་སློབ་གྲོགས་དང་དགེ་རྒན་ཚོས་ཁོ་རང་ལ་འགོས་ནད་ཕོག་ཡོད་པའི་གནས་ཚུལ་ཤེས་པར་དོགས་ནས་སྨན་བླུག་སྣོད་ཀྱི་ཤེལ་དམ་ཐོག་གི་ཤོག་བྱང་མེད་པ་བཟོས། མཐར་སྨན་བླུག་སྣོད་ཤེལ་དམ་ཐོག་གི་གསལ་བཤད་མེད་ནས་སྨན་མིང་དང་འཐུང་ཚོད་མི་ཤེས་ནས་སྨན་བཅོས་བྱེད་པར་ཤུགས་རྐྱེན་ངན་པ་ཐེབས་པ་རེད། ཅུང་མ་འགོར་ནས་ཀྲང་མིང་ཡང་བསྐྱར་སྨན་ཁང་དུ་མི་སྡོད་ཐབས་མེད་བྱུང་ནས་ཁྲེན་ཆན་ཡང་ཁོའི་ནད་གཡོག་སྨན་པ་ཡིན་པ་རེད། ཀྲང་མིང་གི་བསམ་ཚུལ་དང་གནས་ཚུལ་ཐོས་སྐབས་ང་རང་གིས་འགོས་ནད་སྨན་བཅོས་བྱེད་སྐབས་སྨན་རྫས་ཀྱིས་སྨན་བཅོས་དང་བསམ་པའི་འདུ་ཤེས་གཉིས་ཀ་བཅོས་དགོས་པར་ཤེས་སོང་། འགོས་ནད་ཚན་ཁག་གི་སྨན་བཅོས་མི་སྣ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་འདུ་ཤེས་སྔོན་དུ་བཅོས་པ་དང་ཆབས་ཅིག ད་དུང་ནད་པར་རང་གི་ནད་དེ་ངོས་ལེན་བྱས་ཏེ་སྨན་བཅོས་ཡག་པོ་བྱ་དགོས་པའི་ཁྲིད་སྟོན་བྱས་པ་རེད།

དེ་རྗེས་ཁྲེན་ཆན་གྱིས་ནམ་རྒྱུན་ཀྲང་མིང་ལ་ནད་ཕོག་པའི་དོན་དངོས་དང་ལེན་བྱ་དགོས་པའི་བསམ་བློའི་ཁྲིད་སྟོན་བྱས་སྟབས། ད་གཟོད་ཀྲང་མིང་གིས་སྨན་པ་དང་སྡེབ་ནས་སྨན་བཅོས་ཡག་པོ་བྱས་པ་རེད། ཉིན་འགའ་ཡི་སྔོན་དུ་ཀྲང་མིང་སྨན་ཁང་དུ་ཕྱིར་ལོག་ནས་ནད་བརྟག་བྱེད་སྐབས་ཁོའི་ནད་དེ་ཚོད་འཛིན་ཡག་པོ་བྱེད་ཐུབ་པར་མ་ཟད་ལུས་པོར་ཅུང་ཤ་རྒྱགས་པ་གྱུར་འདུག་ཅེས་ཁྲེན་ཆན་གྱིས་དགའ་སྤྲོའི་ངང་དེ་ལྟར་བཤད།

བྱམས་སེམས་ཆེན་པོས་འགོས་ནད་ལ་དོགས་པའི་སེམས་པ་དོར།

2015ལོར་ཁྲེན་ཆན་ནད་གཡོག་སྨན་པའི་སྨན་བཅོས་ཚན་ཁག་གི་འགོ་འཛིན་གྱི་གོ་གནས་ལ་སྤར་ཞིང་།འདི་ནི་མོ་རང་གི་ལས་ཀའི་འཇོན་ནུས་ལ་ཁས་ལེན་བྱས་པ་ཡིན་ལ། ཐོག་མའི་བསམ་འདུན་མི་བརྗེད་ནས་ལས་གནས་བརྟན་སྲུང་བྱས་པར་ཐོབ་པའི་གྲུབ་འབྲས་ཀྱང་ཡིན་པ་རེད།

ཏག་ཏག་འགོས་ནད་ཚན་ཁག་ཏུ་ལས་བགོས་བརྒྱབ་པའི་ལོ་དེར་འདུས་འདྲིལ་རང་བཞིན་གྱི་ཀླད་རྒྱའི་གཉན་ཚད་ཕོག་པའི་ལོ་ན་གཅིག་ཙམ་སོན་པའི་ཕྲུ་གུ་ཞིག་སྨན་ཁང་དུ་ཁྲིད་འོང་ཡོད། ཕྲུ་གུ་དེའི་ཕ་མ་གཉིས་ཀ་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་ཚར་ནས་ཨ་ཕྱི་དང་ཨ་མྱེ་གཉིས་ཀྱིས་ཁོ་རང་སྨན་ཁང་དུ་ཁྲིད་ཡོང་བ་རེད། ཁྲེན་ཆན་གྱིས་བྱིས་པའི་ཚན་ཁག་ཏུ་དངོས་སྦྱོང་བྱས་ནས་ཉམས་མྱོང་ཡག་པོ་ཡོད་པས་སྡོད་རྩར་ཁབ་རྒྱག་མཁས་པ་ཡིན་པར་བརྟེན། ཁྲེན་ཆན་གྱིས་ཕྲུ་གུ་ནད་པ་ཚང་མའི་ཁབ་རྒྱག་རྒྱུའི་འགན་ཁུར་བ་རེད། ཡིན་ན་ཡང་ཕྲུ་གུའི་སྐྲ་ཚང་མ་རིལ་རིལ་དུ་གྱུར་ཏེ་མགོ་ལྤགས་ཐོག་འབྱར་ཚར་བས་སྨན་པས་ཕྲུ་གུའི་རྩ་འཚོལ་མི་ཐུབ་པར་མ་ཟད། ཕྲུ་གུའི་ནད་གཞི་ལྗིད་པོ་ཡིན་པས་དུས་ཚོད་ཅུང་ཙམ་ཡང་འགོར་ཐབས་མེད་པའི་གནས་སུ་འཁེལ། སྐབས་དེར་ཁྲེན་ཆན་གྱིས་ཁྱིམ་བདག་དང་གྲོས་བྱས་རྗེས་ཕྲུ་གུའི་སྐྲ་བཞར་ནས་སྨན་པས་སྨན་བཅོས་བྱེད་པར་སྔར་བས་སྟབས་བདེ་བྱས་པ་རེད།

ཕྲུ་གུའི་ནད་དངོས་གནས་ཚབས་ཆེན་ཡིན་པར་བརྟེན། སྐབས་དེར་ངས་བློ་འཁེལ་ནས་ཐོག་མཐའ་བར་གསུམ་དུ་ལྟ་སྐྱོང་བྱས་པ་ཡིན། ཆུ་ཚོད12ལ་སླེབས་དུས་ང་རང་ཡང་བསྐྱར་ཕྲུ་གུ་ལྟ་སར་སོང་ནས་ཁོའི་སྙིང་འཕར་ཚད་ཇེ་དལ་དུ་འགྲོ་བཞིན་པར་ཤེས་སྐབས་ཁྱིམ་བདག་ལ་སྙིང་འཕར་སྟངས་བརྟག་ཆས་ཐོག་གི་གྲངས་ཀའི་འགྱུར་ལྡོག་ལ་ཡག་པོ་ལྟོས་ཤིག་ཅེས་བཤད་པ་ཡིན། མཐའ་ཏག་ཏག་ལས་རེས་ཁང་དུ་སླེབས་མ་ཐག་ཁྱིམ་བདག་གིས་ང་ལ་ཕྲུ་གུའི་སྙིང་འཕར་ཚད་གྲངས་ཀ60ཐོག་དམའ་རུ་ཕྱིན་སོང་ཞེས་འབོད་བྱུང་། ཁྲེན་ཆན་གྱིས་ལོ་བདུན་སྔོན་གྱི་གནས་ཚུལ་ཕྱིར་དྲན་སྐབས་སྔར་བཞིན་ཡིད་སྐྱོ་ནས། ང་རང་གང་ལྟར་བྱས་ནས་ཕར་རྒྱུག་སོང་བ་ཡིན་མི་ཤེས་ནས་ནད་པའི་འགྲམ་དུ་བསླེབས་སྐབས་ཕྲུ་གུར་ཚོར་སྣང་མེད་པར་ཤེས་ནས་མྱུར་སྐྱོབ་བྱས་པ་ཡིན། ཕྲུ་གུ་ཆུང་ཆེ་བའི་རྐྱེན་གྱིས་ཕྲུ་གུ་ང་རང་གི་ལག་དཀྱིལ་དུ་བཞག་སྟེ་མཐེ་བོང་གཉིས་ཀྱིས་མནན་ཏེ་མྱུར་སྐྱོབ་བྱས་པ་ཡིན། སྐར་མ45ཙམ་གྱི་རིང་མྱུར་སྐྱོབ་བྱས་རྗེས་མཐའ་ཐུག་ཕྲུ་གུའི་ཚེ་སྲོག་སྐྱོབ་ཐབས་བྲལ་བ་རེད་ཅེས་བཤད་བྱུང་། སྐབས་དེར་ཕྲུ་གུའི་ཨ་ཕྱི་ངུ་བཞིན་པས་ཁྲེན་ཆན་གྱིས་སེམས་གསོ་ཡང་ཡང་བྱེད་ཞོར་མོ་རང་ཡང་ངུ་ཤོར་ནས་མིག་སྐྲངས་པ་རེད།

ཕྱི་ཉིན་ཁོ་མོའི་མཐེ་བོང་ན་ཟུག་ཆེ་ནས་འགུལ་ཐབས་མེད་པར་གྱུར། འདི་ང་རང་གིས་ཐེངས་དང་པོར་བྱིས་པ་ཆུང་ཆུང་ཞིག་འཇིག་རྟེན་དང་བྲལ་འགྲོ་བར་དངོས་སུ་མཐོང་ནས་ད་བར་དུ་བརྗེད་ཐབས་བྲལ་བ་རེད། ཡིན་ནའང་དོན་དག་འདིས་ང་རང་གི་ཐོག་མའི་བསམ་འདུན་ལ་རྒྱུན་འཁྱོངས་བྱེད་པའི་གདེང་ཚོད་དེ་བས་ཇེ་དྲག་ཏུ་ཕྱིན་སོང་ཞེས་ཁྲེན་ཆན་གྱིས་མིག་ཟུར་གྱི་མཆི་མ་ཕར་ཕྱི་ཞོར་དེ་ལྟར་བཤད།

ཁྲེན་ཆན་གྱིས་ནད་པར་སྨན་ཆུ་རྒྱག་པ་དང་། ནད་གཡོག་རྒྱུག་པ། ནད་པ་ཞིབ་བཤེར་བྱེད་སར་ཁྲིད་པ་སོགས་བྱས་ཚར་རྗེས་ཆུ་ཚོད་གཉིས་ཡས་མས་འགོར་ནས་གཞུང་ལས་ཁང་དུ་ཕྱིར་ལོག་རྗེས། ད་གཟོད་གྲང་མོར་གྱུར་ཟིན་པའི་ཕྱི་ཕྱོགས་ནས་ཉོས་པའི་ཟ་མ་དེ་ཁ་འབྱེད་ནས་ཟོས་པ་རེད། དེ་ནས་ཡང་ནད་པ་གསར་པར་ལྟ་སྐྱོང་བྱེད་འགོ་བཙུགས་སོང་།

ཁྲེན་ཆན་ནི་ནད་གཡོག་ཁྲི་སྟོང་མང་པོའི་མཚོན་བྱེད་ཙམ་ཡིན། ཁོ་ཚོའི་ཉིན་གཅིག་གི་དུས་དེར་བྲེལ་བ་ཆེ་ལ་རྩག་རྩིག་གི་བྱ་བ་མང་པོ་ཡོད། ཁོ་ཚོས་དཀའ་སྤྱད་འབད་བརྩོན་དང་བརྩེ་སེམས་ཟབ་མོའི་ངང་འཆི་བདག་དང་འགྲན་རྒོལ་བྱེད་བཞིན་པའི་ནད་པ་ལྟ་སྐྱོང་བྱེད་བཞིན་པ་རེད།།


  • ལེ་ཚན་སྔོན་མ།:རྡོ་མཁར་ལྷ་བཟོ་ཆོས་སྐྱོང་གི་ལོ་རྒྱུས་རགས་བསྡུས།
  • ལེ་ཚན་རྗེས་མ།:གཞན་ཕན་གྱིས་འཚོ་བའི་རིགས་ཀྱི་བུ་ཆུང་ཞིག