སྤྱི་ཟླ4པའི་ནང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་འགལ་མཁན་གྱི་མི5700ལ་ཆད་གཅོད་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-06-06

   ཞིན་ཧྭ་གསར་འགྱུར་ཁང་པེ་ཅིན་ནས་སྤྱི་ཟླ5པའི་ཚེས27ཉིན་འབྱོར་བའི་གཏམ་གསར། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་དྲྭ་ཚུགས་ཐོག་ཡོངས་བསྒྲགས་བྱས་པའི་གྲངས་ཀ་ལས་མཚོན་དོན། 2019ལོའི་སྤྱི་ཟླ4པའི་ནང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན4090ལ་ཞིབ་བཤེར་རྩད་གཅོད་བྱུང་ནས་མི5767ལ་ཐག་གཅོད་བྱས་ཡོད། དེའི་ནང་མི4024ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད་པ་རེད།

   རྩད་གཅོད་བྱུང་བའི་གནད་དོན་རིགས་ལ་གཞིགས་ན། སྒྲིག་ཁྲིམས་དང་འགལ་ནས་ལག་རྟགས་དང་འབུལ་རྟེན་སྤྲོད་ལེན་བྱེད་པའི་གནད་དོན1021དང་། སྒྲིག་ཁྲིམས་དང་འགལ་ནས་ཁ་གསབ་རོགས་དངུལ་དང་ཕན་ལྡན་སྤྲོད་པའི་གནད་དོན993 སྒྲིག་ཁྲིམས་དང་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི་གནད་དོན584 སྒྲིག་ཁྲིམས་དང་འགལ་ནས་གཞུང་སྤྱོད་རླངས་འཁོར་བཀོལ་སྤྱོད་དང་སྒྲིག་སྦྱོར་བྱེད་པའི་གནད་དོན502 གཉེན་སྟོན་དང་གཤིན་པོ་དུར་སྐྱེལ་མཛད་སྒོ་ཆེན་པོ་སྤེལ་བའི་གནད་དོན345 གཞུང་དངུལ་སྤྱད་དེ་རྒྱལ་ནང་དུ་ཡུལ་སྐོར་བྱེད་པའི་གནད་དོན190 ཁྲིམས་དང་འགལ་ནས་ཚོགས་ཁང་དང་། འགྲུལ་ཁང་། སྣེ་ལེན་ཁང་བཅས་གང་མོས་བསྐྲུན་པའི་གནད་དོན113 གཞུང་དངུལ་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་བྱེད་པའི་གནད་དོན3 གཞན་དག་གི་གནད་དོན339ཡོད་པ་རེད། ཞིབ་བཤེར་ཐག་གཅོད་བྱས་པའི་ལས་བྱེད་པའི་རིམ་པར་བལྟས་ན། ཞིབ་བཤེར་རྩད་གཅོད་བྱུང་བའི་མི་སྣའི་ཁྲོད་དུ་ཐིང་རིམ་པའི་ལས་བྱེད་པ51དང་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ589ཡོད་པ།

    2019ལོའི་སྤྱི་ཟླ4པའི་ཚེས30ཉིན་བར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལ་འགལ་བའི་གནད་དོན15909ཞིབ་བཤེར་རྩད་གཅོད་བྱས་ཡོད་ཅིང་། མི22517ལ་ཞིབ་བཤེར་ཐག་གཅོད་བྱས་ཡོད། མི15931ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་དོན་གྱི་ཆད་པ་བཅད་ཡོད།

     རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁོང་དུ་ཆུད་ཆེད། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་གྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་སྒར། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཁག ཀྲུང་དབྱང་ཁེ་ལས་དང་ཀྲུང་དབྱང་དངུལ་རྩའི་ཁེ་ལས་སོ་སོར་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ཟླ་རེ་རེ་བཞིན་སྙན་སེང་ཞུ་དགོས་པའི་ལམ་ལུགས་བཙུགས་ཡོད་པ་རེད།


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱིས་རིག་ནུས་ཅན་གྱི་སྨན་བཅོས་བྱེད་སྟངས་འཛུགས་སྐྱོང་བྱས།
  • ལེ་ཚན་རྗེས་མ།:ཞི་བདེ་ཉི་མའི་སྙན་རྩོམ《པོ་ཏ་ལ》ལ་བྱ་དགའ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།