འདས་དོན།

ཕུར་བཀྲ།        2019-06-03

   བཀྲ་ཤིས་ཀྱིས་རང་གི་ཟིན་ཐོའི་ནང་དུ་“སྤྱི་ལོ་ག་གེ་མོའི་སྤྱི་ཟླ་དྲུག་པའི་ཟླ་མཇུག་ཏུ་ཧ་ཅང་མུན་ནག་པའི་མཚན་མོ་ཞིག་ལ་ཆར་བས་སའི་གོ་ལའི་སྐྱེ་འགྲོ་མ་ལུས་བརླན་པར་བྱས་ཤིང་བདག་གི་རྙོག་འཛིང་གིས་ཁེངས་པའི་སེམས་པར་བྱབས་ཁྲུས་ཐེངས་ཤིག་བྱས་པར་མ་ཟད། འདས་ཟིན་པའི་བྱ་བ་སྣ་ཚོགས་ཁ་སང་བྱུང་བ་བཞིན་དྲན་པར་གྱུར་བ་ཡིས་ལོ་ངོ་ཉི་ཤུའི་སྔོན་གྱི་འདས་དོན་ཞིག་གསར་དུ་ངོ་ཤེས་པའི་བུ་མོ་ཞིག་ལ་སྦ་གསང་ཅི་ཡང་མེད་པར་བཤད།”ཅེས་བྲིས་པའི་ཚིག་འདི་ཁོའི་སློབ་ཆུང་སློབ་གྲོགས་ཤིག་གིས་མཐོང་རྗེས།  སློབ་གྲོགས་དེས་སྐྲ་ཐུང་ལ་ཤ་མདོག་ནག་པ། སྣ་ཆེ་ལ་མིག་གཉིས་ཅུང་ཟད་ཕྱི་རུ་འབུར་བ།ལུས་པོ་ཐུང་ཞིང་རྐང་བ་རང་ཚོད་ཀྱི་ཆེན་པོ་ཡོད་པའི་སློབ་ཆུང་སྐབས་ཀྱི་སློབ་ཚན་གཅིག་གི་མིང་ཚིག་བཅུ་ཙམ་ཡང་བློ་ལ་མི་ཟིན་པའི་སློབ་གྲོགས་བཀྲ་ཤིས་དྲན་ཞིང་ཁོང་དགོད་ཤོར་བཞིན་ལས་ཁུངས་ཀྱི་སྒོ་ཆེན་ནས་ནང་དུ་སོང་། བཀྲ་ཤིས་ཀྱི་སློབ་གྲོགས་ཀྱིས་ད་ལྟ་རྫོང་དམངས་སྲིད་ཅུས་སུ་བྱ་བ་སྒྲུབ་བཞིན་ཡོད་ཅིང་ཁོ་ལ་མཚོན་ན་བཀྲ་ཤིས་ནི་གྱད་མིའི་ལུས་སྟེང་གི་ཤིག་ཅིག་ཡིན་ཕྱིར་སློབ་གྲོགས་ཀྱི་སྣང་ངོར་བཀྲ་ཤིས་ནི་སྔོན་གྱི་མིང་ཚིག་བློ་ལ་མི་ཟིན་མཁན་དེ་ལས་མ་འདས། མི་ཞིག་གི་མི་ཚེའི་འགྱུར་བ་ནི་དུས་ཚིགས་ཤིག་གི་འགྱུར་བ་དང་ཀུན་ནས་མཚུངས་པས་སུས་ཀྱང་འགྲེལ་ཤེས་པ་ཞིག་མ་རེད།

   བཀྲ་ཤིས་ཀྱིས་གསར་དུ་ངོ་ཤེས་ནས་ཟླ་འགའ་ལས་འགོར་མེད་པའི་བུ་མོ་ཞིག་ལ་རང་གི་འདས་སོང་གི་གཏམ་རྒྱུད་ཅིག་བཤད་ཅིང་གཏམ་རྒྱུད་ཀྱིས་བུ་མོའི་ཡིད་དབང་ཅིག་ཅར་དུ་འཕྲོག་སོང་། ཡིན་ཡང་། དེ་ནི་དངོས་བྱུང་གཏམ་རྒྱུད་ཅིག་ཡིན་པའི་རྐྱེན་གྱིས་གཏམ་རྒྱུད་དངོས་ཇི་མ་ཇི་བཞིན་ཕྱི་ཁྲོམ་པར་བསྒྲགས་ན་མཇུག་འབྲས་ཇི་འདྲ་འབྱུང་བ་ང་ཚོས་བློ་ཡིས་དཔག་ཐབས་བྲལ་བ་ཞིག་རེད།

  ང་རང་ཆུང་དུས་ཁྱིམ་མཚེས་ཚང་གི་བུ་མོ་དང་ལྷན་དུ་ཉལ་མྱོང་ཞེས་བཀྲ་ཤིས་ཀྱིས་ཇ་འཐུང་ཞོར་དུ་བཤད་བྱུང་།

   བཀྲ་ཤིས་ཀྱི་ཁ་གཏད་དུ་སྡོད་པའི་བུ་མོས་ཁྱོད་རང་ཆུང་དུས་ནས་བུ་མོ་ཞིག་དང་མཉམ་དུ་ཉལ་མྱོང་བ་འདི་ཁྱོད་རང་ནར་སོན་སྟངས་ཤིག་མ་ཡིན་ནམ། ཞེས་ལྡོག་འདྲི་བྱས། བཀྲ་ཤིས་དགོད་ཙམ་བྱས་ནས་ངེད་གཉིས་ལྷན་དུ་ཉལ་ནས་ཕན་ཚུན་ལ་གནའ་གཏམ་བཤད་ཞོར་གཉིད་དུ་ཡུར་སོང་ཞེས་དྲང་བཤད་བྱས་པར་བུ་མོའི་ལན་དུ་ཁྱོད་ཁྱིམ་མཚེས་ཚང་གི་བུ་མོ་ལ་དགའ་འམ།ཞེས་པ་བཤད་པ་ན་བཀྲ་ཤིས་ཀྱིས་འདང་རྒྱག་ཅི་ཡང་མེད་པར་དེ་ནི་ཆུང་དུས་ཁྱིམ་མཚེས་ཕན་ཚུན་གྱི་བྱིས་པ་ཚོ་རུ་ཉུལ་ལ་འགྲོ་སྟངས་ཤིག་རེད་ཅེས་ལན་སླ་མོ་ཞིག་བཤད་པས་རེ་ཞིག་ཁོ་གཉིས་ཀྱིས་སྨྲ་བ་འགག་པར་གྱུར། བྱ་སྤྱོད་དེ་ནི་ཤག་ཤག་འབབ་པའི་རྦབ་ཆུ་ཞིག་གི་བཞུར་མཚམས་ཆད་པ་དང་ཇི་འདྲའི་མཚུངས་པ་ལ་ཨང་།

    དུས་ཚོད་ངེས་ཅན་ཞིག་འགོར་རྗེས།  བཀྲ་ཤིས་ཀྱིས་དཔེ་དེབ་ཅིག་མདུན་ལ་བཞག་ནས་མུ་མཐུན་དུ་ཁ་གཏད་ཀྱི་བུ་མོ་དེར་རང་གི་འདས་སོང་གི་གཏམ་རྒྱུད་དེ་བཤད་མགོ་བརྩམས་སོང་། ང་རང་ཁྱིམ་མཚེས་ཚང་གི་བུ་མོའི་རུམ་ནས་ཐེངས་མང་བོ་ཉལ་མྱོང་ཞིང་ནམ་རྒྱུན་ཕན་ཚུན་གནའ་གཏམ་བཤད་དེ་གཉིད་དུ་ཡུར་འགྲོ། རྗེས་སུ་ནར་སོན་པ་ན་ང་རང་སློབ་གྲྭར་སོང་བ་དང་མོས་ཕ་མའི་ཁ་ཏ་དང་དུ་བླངས་ཤིང་སེམས་ལ་བཅག་ནས་གནས་ལ་སོང་།མོ་རང་གནས་ལ་འགྲོ་སའི་སྐྱེས་པ་དེར་གཏད་ནས་མི་དགའ་རུང་དེ་དང་ལྷན་དུ་འཇིག་རྟེན་འཁོར་བར་སྣང་བ་བསྲེས་ནས་ལོ་ལྔ་ཙམ་འགོར་ཞིང་བྱིས་པ་གཉིས་ཀྱི་ཨ་མར་གྱུར། གནས་གོ་ཁ་ལ་ཕར་བལྟས་ན་སྐྱིད་རུང་དོན་སྙིང་བོ་བསམ་ན་སྡུག་པའི་གནས་འབའ་ཞིག་རེད་ཅེས་བཀྲ་ཤིས་ཡང་འདུག་ཅིག་བྱས་ནས་དེ་ནས་གནས་དེ་རུ་འདུག་མ་འདོད་པ་དང་སྐྱེས་པ་དེ་དང་མཉམ་དུ་ཚེ་གཅིག་གི་མདུད་པ་དམ་པོར་བཅིང་མ་འདོད་པའི་རྐྱེན་གྱིས་སྡེ་བ་དེའི་གསར་བུ་ཞིག་དང་ལྷན་དུ་ཡུལ་གཞན་དུ་ཟླ་ཁ་ཤས་ལ་ཁྲམ་པས་རྟ་ཁྱུ་དེད་པ་བཞིན་གྲག་མེད་འགུལ་མེད་དུ་སྦས་སྐོང་བྱས་ནས་བསྡད་པ་རེད། དེའི་རྗེས་ལ་གྱོད་འདུམ་ནས་གསར་བུ་དེ་དང་ལྷན་དུ་མགོ་སྦྲ་གཅིག་གི་འོག་ཏུ་སྒྱེད་པུ་གཅིག་གི་གཡས་གཡོན་བསྲུངས་ནས་སླར་ཡང་བུ་ཕྲུག་གི་ཕ་མར་གྱུར་ཏེ་བདེ་སྐྱིད་དང་དགོད་སྒྲས་སྦྲ་ནག་གི་ཕྱི་ནང་གསང་གསུམ་གང་བར་བྱས་པ་ཀུན་གྱི་གླེང་གཞིར་གྱུར། བཀྲ་ཤིས་ཀྱིས་ཁ་གཏད་དུ་ཡོད་པའི་བུ་མོའི་གདོང་ལ་ལྟ་ཡག་ཅིག་བྱས་ཏེ་“གསར་བུ་དེ་ན་ནིང་སྟོན་ཁ་འཕྲུལ་རྟ་དང་རླངས་འཁོར་གདོང་ཐུག་བརྒྱབ་ནས་རྐྱེན་ལམ་དུ་ཤོར་སོང་བ་རེད་ཅེས་བཤད་ནས་མཚམས་དེར་སླེབས་དུས་ཡང་བསྐྱར་ཁ་གཏད་དུ་སྡོད་པའི་བུ་མོའི་གདོང་ལ་ལྟ་ཡག་ཅིག་བྱས་ནས་“དོ་ཚིགས་མོ་རྐྱེན་ལམ་ལ་ཤོར་བའི་གསར་བུ་དེའི་ཕུ་བོའི་ཆུང་མ་བྱས་འདུག་ཅེས་ཡོངས་སུ་བཤད་ཚར་བ་ན་བཀྲ་ཤིས་ཡར་ལངས་ནས་སྤྱོད་ཁང་གི་ཕྱོགས་སུ་སོང་།ཚུལ་དེ་ནི་ཁོ་རང་ཆུང་དུས་སུ་ལྷན་ལ་ཉལ་མྱོང་སའི་ཁྱིམ་མཚེས་ཚང་གི་བུ་མོ་དེའི་སྐྱེས་པ་ཚོ་ལ་དྲན་གསོ་དང་མྱ་ངན་ཞུ་བ་དང་ཤིན་ཏུ་མཚུངས།

   བཀྲ་ཤིས་ཕྱིར་ཐོན་རྗེས་བུ་མོ་དེས་དེ་ནི་ཀུ་རེ་ཞིག་དང་འདྲ་ཞེས་ཟེར།དེ་ལ་བཀྲ་ཤིས་འཛུམ་ཙམ་བྱས་སོང་།

   བཀྲ་ཤིས་ཀྱིས་རང་གི་ཁ་གཏད་ཀྱི་བུ་མོ་དེ་ལ་ནམ་ཞིག་ང་རང་ཁྱོད་དང་ལྷན་དུ་ཉལ་ཞིང་ཁྱོད་ཀྱི་དམར་མདངས་རྒྱས་པའི་མཁུར་ཚོས་ལ་འོ་ཞིག་བྱས་ཆོག་གམ་ཞེས་དྲིས་པ་ན་མོ་རང་དགོད་ཀྱིན་དེ་ལོས་ཆོག་ཅེས་ལན་བཏབ། ལན་དེ་ཡིས་བཀྲ་ཤིས་ཀྱི་ལུས་ཀྱི་ཁྲག་རྩ་རེ་རེའི་འཕར་ལྡང་ཇེ་མགྱོགས་སུ་ཕྱིན་སོང་།


  • ལེ་ཚན་སྔོན་མ།:རྒད་པོ་ཞིག་གིས་མར་ཞིག་བཞག་ནས་བྲོས་སོང་།
  • ལེ་ཚན་རྗེས་མ།:སྐྱི་གཡའ་བའི་གཏམ་རྒྱུད།