བྱིས་དུས།

        2019-05-31

བྱིས་དུས་ཀྱི་སེམས་པ་ཆུ་ཡིན།།

ཆུ་གཙང་བོའི་ཡོན་ཆབ་དེ་ནི།།

དྲིན་ཕ་མའི་བརྩེ་བས་གཉོར་བས།།

ནང་ན་ཟླས་དཀྲུག་ན་མི་ཆོག།


བྱིས་དུས་ཀྱི་རྨི་ལམ་འཇའ་ཡིན།།

འཇའ་སྣ་ལྔའི་ཁ་དོག་དེ་ནི།།

དྲིན་ཕ་མའི་མིག་མཐར་བྲིས་ཤིང་།།

བུ་བུ་མོའི་སེམས་ཀྱིས་གཉོར་ཡོད།།



བྱིས་དུས་ཀྱི་སྣང་བ་ཇ་ཡིན།།

ཇ་མངར་མོའི་སྡེབ་ཁ་དེ་ནི།།

ཁྱིམ་འདི་ཡི་དྲོ་བ་ཡིན་པས།།

དྲིན་ཕ་མས་སེམས་ལ་འཇོག་རོགས།།


བྱིས་དུས་སློབ་གསོ་གསེར་ཡིན།།

གསེར་སེར་པོའི་རིན་ཐང་དེ་ནི།།

དྲིན་མ་ལོའི་འཛུམ་ལ་ཐུག་ཡོད།།

དྲིན་ཕ་ལོའི་གཤིས་ལ་རག་ལས།།


བྱིས་དུས་ཀྱི་ཚོར་བ་མདའ་ཡིན།།

མདའ་ཉག་ཕྲན་འབེན་ལ་བསམ་ན།།

ཞེ་སྣང་བའི་སྒོ་མོ་དེ་ནས།།

ལས་དང་པོའི་ཁ་ཕྱོགས་མ་ནོར།།


བྱིས་དུས་ཀྱི་འཚོ་བ་སྲོག་ཡིན།།

སྲོག་དམར་པོའི་ཁ་མཚམས་དེ་ནས།།

དྲིན་ཕ་མས་ཞིབ་འདང་བྱ་དགོས།།

ཁྱེད་གཉིས་ཀྱི་ནོམ་པ་འདི་ཡིན།།

རི་བོང་དཀར་ཆུང་།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་མཐོང་ཚོར་ཟེར་མ།
  • ལེ་ཚན་རྗེས་མ།:སེམས་ཀྱི་ལྷ་མོ།