སེམས་ཀྱི་ཕྲ་རྒྱན།

མགར·རྩེ་ཁྲག        2019-05-31

དབྱངས་གསལ་ངག་ལ་སྐྱོར་བའི་ཁྱོད་ཚོ།

གངས་འདབས་ཀྱི་ཁ་བའི་མེ་ཏོག་དེ་ཡིན།

ཕ་མས་ཀྱ་ཙེ་གོམ་ཙེ་བསླབ་པའི་ཁྱོད།

རྒན་ལགས་ཀྱིས་ཀ་ཁའི་འབྲི་ཀློག་སློབ་པའི་ཁྱོད།

ཕ་ཡུལ་གྱི་རེ་བ་བཅོལ་སའི་སེམས་ཀྱི་ཕྲ་རྒྱན།

དེ་ནི་མི་རབས་ཤིག་གི་སྲུང་མདུད་ལྗང་ཁུ་དེའོ།།

དབྱར་ཟླ་ལྔ་བར་ཕ་ཡུལ་ལ་ཁ་བ་འབབ་བཞིན་འདུག་མོད།

ཁ་བ་བབས་ཤུལ་ན་མེ་ཏོག་བགད་ཡོད།

དེ་ནི་འཛུམ་ཆུང་དང་ཁ་གཡང་། སྤྲོ་དགའ་རུམ་པའི་ཁྱོད་ཚོ་ཡིན།

མེ་ཏོག་ལྟ་བུའི་བྱིས་དུས་ཀྱི་ལང་ཚོ་ལ་དབུ་ཁྱུད་གནང་ཤོག

བོད་ལྭ་གྱོན་པའི་བྱིས་པ་སྙིང་རྗེ་མོ་དེ་ཚོ།

མིག་མདངས་ལ་བརྩེ་བ་འཁྱིལ་བའི་ཁྱོད་ཚོ།

པ་ལགས་ཀྱི་ངག་གི་འབོད་པ་དེ་ཡིན།

སྙིང་ཉེ་བའི་མེ་ཏོག་དཀར་དམར།

དྭངས་གཙང་གི་ཚེ་སྲོག་དེ་བདེན་པའི་རུས་གསེང་ནས་འཁྲུངས་ཤོག

སྐེ་དཀྲིས་དམར་པོ་དེ་སྐེ་ལ་བཏགས་ནས།

འཛུམ་ཆུང་གྱི་ལེ་སློབ་གྲྭར་སོང་ཞིག

ཤེས་བྱའི་ཉིང་བཅུད་དྭངས་མ་དེ་ན་འཁྱིལ་ཡོད།

དྲུག་གཅིག་ནི་བརྩེ་བ་དང་སྤྲོ་དགའ་གླུ་རུ་ལེན་པའི་བརྗེད་མེད་ཀྱི་གར་སྟེགས་དེ་ཡིན།

བྲོ་གར་གྱི་སྟངས་སྟབས་དང་སྐྲ་ལོ་ལྡེམ་ལྡེམ།

འཛུམ་ཆུང་ཤིག་ཤིག་དང་བྱིས་གླུ་སིང་སིང་།

སེམས་ཀྱི་དགའ་བ་བྱོ་སའི་དྲུག་གཅིག་བྱིས་པའི་དུས་ཆེན་ལ།

བརྩེ་བ་འཁྱིལ་ཤོག སྣང་བ་བསོར་ཤོག

ཨ་མྱེས་ཀྱི་གནའ་གཏམ་ལ་དགའ་བའི་ཁྱོད་ཚོ།

མ་ལགས་ཀྱིས་བྱིན་པའི་རྩམ་པ་སྣུམ་ལོག་མ་ལ་དགའ་བའི་ཁྱོད་ཚོ།

ཨ་ཕའི་ལུག་ཁྱུ་དང་ནོར་ཁྱུ་ལ་དགའ་ཞེན་ཡོད་པའི་ཁྱོད་ཚོ།

མིག་ལ་འཁོར་བའི་མེ་ཏོག་སེར་ཆེན་དང་སེམས་སུ་འཆར་བའི་བེའུ་ལི་དེ་ཚོ།

ཁྱོད་ཀྱི་བརྗེད་དུ་མེད་པའི་བྱིས་དུས་ཀྱི་ལོ་ཟླ་མཛེས་པོ་དེ་ག་ཡིན།

དེ་རིང་ནི་ལྷད་མེད་ཀྱི་མེ་ཏོག་དེ་དག

སེམས་ཀྱི་དཀྱིལ་དུ་གཉོར་ནས།

མཛེས་སྡུག་གི་རྨི་ལམ་སྒུལ་གྱིན་འདུག

ཁྱོད་ཚོ་ནི་དབྱངས་གསལ་ཀྱི་ཤ་ཁྲག་ལས་གྲུབ་པའི་བརྩེ་བ་སྣུམ་ལོག་མ་དེ་ཡིན།

སེམས་དང་བསམ་པའི་ཕ་རོལ་དུ་གཡའ་དག་པའི་ནམ་མཁའ་ཆགས་ཡོད་པས།

བྱིས་དུས་ཀྱི་ལོ་ཟླ་ལ་ཁ་དོག་བསྩལ་རོགས།

སྙིང་ཉེ་བའི་ལོ་ཟླ་ལགས།

མགར·རྩེ་ཁྲག

རྩོམ་སྒྲིག་པ། མགར་རྒྱལ་སྲས། 


  • ལེ་ཚན་སྔོན་མ།:ལམ་བར་གྱི་མགྱོགས་བྲིས།
  • ལེ་ཚན་རྗེས་མ།:བོད་ཀྱི་བྱིས་པ།