གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་མཐོང་ཚོར་ཟེར་མ།

ཡེ་ཤེས་མགོན་པོ།        2019-05-31

གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་མཐོང་ཚོར་ཟེར་མ།

    གནའ་བོའི"ཚོང་འདྲེན་རྡལ་ལམ"ལ་མཁས་པ་ལ་ལས“ཇ་རྟའི་གནའ་ལམ”ཞེས་བྲིས་སྲོལ་འདུག    དེའི་ཐད་སྔོན་ཆད་མཚོ་སྔོན་བོད་ཡིག་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། ཞུ་ཆེན་དགེ་བསྙེན་རྡོ་རྗེས་ཚོང་འདྲེན་རྡལ་ལམ་ཞེས་བྲིས་ན་གནའ་བོའི་ཚོང་ལས་ལམ་བུའི་ནང་དོན་དེ་བས་ཆ་ཚང་བཏོན་ནུས་ཤིང་། “ཇ་རྟའི་གནའ་ལམ”ཞེས་བྲིས་ན་ཐད་སྒྱུར་ཡིན་དྲགས་འདུག་ཅེས་སྨྱུག་འཛིན་པར་གསུངས་མྱོང་། གང་ལྟར་བྲིས་སྲོལ་ཐད་མི་འདྲ་ས་ཅུང་ཡོད་ནའང་། དོན་དངོས་ཐོག་འདི་ནི་རྒྱ་བོད་བར་གྱི་ཚོང་ལམ་གལ་ཆེན་ཞིག་ཡིན་པ་ནི་སྨོས་མེད་རེད། འབྲེལ་ཡོད་དཔྱད་གཞིའི་ཡིག་རིགས་སུ་བཀོད་པ་ལྟར་ན།  གནའ་བོའི་ཚོང་འདྲེན་རྡལ་ལམ་ནི་བོད་བཙན་པོའི་དུས་ནས་དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་པའི་བར་ལ་དར་བའི་ཚོང་ཟོག་དབོར་འདྲེན་བྱེད་སའི་བརྒྱུད་ལམ་ཞིག་ཡིན་པ་རེད།
       སུང་རྒྱལ་རབས་ཀྱི་སྐབས་སུ་ཇ་ཚོང་དང་། དར་ཚོང་། རྟ་ཚོང་ལ་སོགས་པའི་ཚོང་འབྲེལ་གྱི་བྱེད་སྒོ་དེ་རྒྱ་བོད་མི་རིགས་གཉིས་པོའི་བར་གྱི་འབྲེལ་བ་བྱེད་ཐབས་གལ་ཆེན་ཞིག་ཏུ་གྱུར། དེར་བརྟེན་རྒྱ་བོད་བར་གྱི་གཞུང་ལམ་ལའང་ཚོང་འདྲེན་རྡལ་ལམ་ཞེས་མིང་བཏགས་པ་རེད། དེའི་བརྒྱུད་ཡུལ་ལ་དབྱེ་ན་སི་ཁྲོན་ཆང་ལས་ནས་འགོ་བཙུགས་ནས་གཡག་རྔ་དང་ཁམས་མི་ཉག་དར་རྩེ་མདོ་བརྒྱུད་ནས་བོད་ལ་བསྲིངས་པའི་ཚོང་འདྲེན་རྡལ་ལམ་གཅིག་དང་། ཡུན་ནན་ནས་བོད་ལ་བསྲིངས་པའི་ཚོང་འདྲེན་རྡལ་ལམ་གཅིག་ཡོད། སི་ཁྲོན་ཆང་ལས་ས་ཁུལ་ནས་བོད་ཀྱི་ས་གནས་ཁག་ཏུ་དངོས་ཟོག་དབོར་འདྲེན་བྱེད་སའི་ལམ་བུར༼ ཁྲོན་བོད་ཚོང་འདྲེན་རྡལ་ལམ་དང༽ ཡུན་ནན་ཞི་ཧྲོང་པན་ན་དང་སི་མའོ་ནས་ཐོན་པའི་ཇ་རིལ་དག་ཏ་ལི་རུ་བསྡུ་རུབ་བྱས་རྗེས། ས་དམ་དང་། རྒྱལ་ཐང་། བདེ་ཆེན་ལ་སོགས་པ་བརྒྱུད་ནས་བོད་ལྗོངས་ཀྱི་མདའ་དང་། ཀོང་པོ་རྒྱ་མདའ། ལྷ་ས། རྒྱལ་རྩེ། གཞིས་རྩེ། མངའ་རིས་སོགས་སུ་དབོར་འདྲེན་བྱེད་སའི་ལམ་བུར༼ཡུན་བོད་ཚོང་འདྲེན་རྡལ་ལམ༽ཞེས་ཟེར་བ་རེད།
གནའ་བོའི་ཚོང་འདྲེན་རྡལ་ལམ་གྱི་མཐོང་ཚོར་ཟེར་མ།
        ས་སྐྱ་བའི་སྐབས་སུ་ཡིག་ཟམ་གྱི་ལམ་བུ་གསར་དུ་བཏོད་ནས་ས་ཚུགས་དུ་མ་བཙུགས། རྒྱ་བོད་ཡིག་ཚང་ནང་བཀོད་པ་ལྟར་ན། རྒྱ་བོད་འབྲེལ་མཚམས་ནས་ལྷ་ས་བར་ལ་ས་ཚུགས་ཆེ་བ་ཉི་ཤུ་རྩ་བདུན་བཙུགས་ཡོད་པ་རེད། མདོ་ཁམས་སྤྱི་ཁྱབ་ཁོ་ནའི་མངའ་འོག་ཏུ་ས་ཚུགས་དགུ་བཙུགས་ཡོད། ས་ཚུགས་ཆེ་བ་རེའི་མངའ་ཁོངས་སུ་ད་དུང་ས་ཚུགས་ཆུང་བ་མང་པོ་ཡོད་པ་དང་། ས་ཚུགས་ཁུལ་གྱི་མི་སེར་རྣམ་པས་ཁྲལ་གྱི་རྣམ་པའི་ཐོག་ནས་ས་ཚུགས་ཆེ་བའི་མངའ་ཞབས་ལ་དུད་ཁྱིམ་སྟོང་ཕྲག་ཁ་ཤས་དང་། ཆུང་བའི་མངའ་ཞབས་ལ་དུད་ཁྱིམ་བརྒྱ་ཕྲག་ཁ་ཤས་ཡོད་པ་རེད།

        ཕག་གྲུའི་སྐབས་སུ་འཇང་ས་དམ་རྒྱལ་པོས་རྒྱལ་ཐང་བཟུང་བ་དང་། ཡུན་ནན་གྱི་ཚོང་པས་ལོ་ལྟར་ས་དམ་དང་། ཧེ་ཆིང་། ཏ་ལི། ཕུའུ་ཨེར་བཅས་ནས་ཇ་དང་བྱེ་མ་ཀ་ར། ཟངས་ཆས། འབྲུ་རིགས། ཞོར་ཟས་བཅས་རྒྱལ་ཐང་དང་། ཁམས་ཀྱི་ལྷོ་ཕྱོགས། ཚྭ་ཁ་རོང་སོགས་ལ་འདྲེན་ནས་ས་ཁུལ་དེ་གའི་བལ་དང་མར། སྤོས། སྣམ་བུ། དེ་བཞིན་དབྱར་རྩྭ་དགུན་འབུ་དང་། གླ་རྩི་སོགས་དང་བརྗེ་རེས་བྱས་མཐར་རྒྱ་བོད་བར་ཉོ་ཚོང་གི་འབྲེལ་བ་ཆེན་པོ་ཆགས་པ་རེད། སྤྱི་ལོ1407ལོར་རྒྱ་ནག་གོང་མས་ཁམས་ཁུལ་གྱི་སྡེ་དཔོན་སོ་སོ་དང་བླ་མ་ཆེ་གྲས་རྣམས་ལ་སྔར་གྱི་ས་ཚུགས་རྣམས་བསྐྱར་བཟོ་བྱེད་བཅུག་པར་མ་ཟད། གཡག་རྔ་ནས་དབུས་གཙང་བར་གྱི་ས་ཚུགས་འཛུགས་དགོས་པའི་བཀའ་བསྩལ། རྒྱ་ནག་ནས་དབུས་གཙང་ལ་འགྲོ་སའི་ཡིག་ཟམ་གྱི་ལམ་བུ་བྱང་མ་གཅིག་དང་ལྷོ་མ་གཅིག་ཆགས་པ་རེད། ལྷོ་བྱང་གི་ལམ་བུ་དེ་གཉིས་གང་ལ་ཕྱིན་ཡང་ཆབ་མདོ་བརྒྱུད་དགོས་པས་ཆབ་མདོ་ས་ཁུལ་དུ་ས་ཚུགས་གལ་ཆེན་མང་པོ་ཆགས་ཡོད་པ་རེད།
        མཉྫུ་གོང་མའི་དུས་སུ་ཉིན་གཅིག་ལ་འབྱོར་ཐུབ་ཚད་ཀྱི་ས་ཚུགས་བཙུགས་ནས་དེར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་། སྤྱི་ལོ1688ལོར་བོད་ས་གནས་སྲིད་གཞུང་གིས་རྒྱལ་ཐང་དུ་ཚོང་འདུས་བཙུགས་ཆོག་པའི་རེ་བ་བཏོན་པ་དེར་གོང་མའི་ཆོག་མཆན་ཐོབ་ནས་བཟུང་རྒྱལ་ཐང་དུ་ཚོང་ཁང་དང་། བོད་པའི་ཚོང་པ། ཚོང་ཟོག་དབོར་འདྲེན་བྱེད་མཁན་གྱི་དྲེལ་པ་མང་པོ་བྱུང་ནས་རྒྱལ་ཐང་དེ་ཡུན་ནན་དང་བོད་ཀྱི་ཉོ་ཚོང་བྱེད་གནས་གཙོ་བོ་ཞིག་ཏུ་གྱུར།  མཉྫུ་གོང་མས་སྐབས་དེའི་ས་ཚུགས་ཀྱི་གཞི་ཁྱོན་དང་མི་འབོར། དུད་ཚང་གི་ཁ་གྲངས། ས་བབ་བཅས་ཞིབ་བཤེར་ཐོ་འགོད་བྱས་པར་མ་ཟད། ཟི་ལིང་ནས་ཡུལ་ཤུལ་དང་ཆབ་མདོ་བརྒྱུད་དེ་ལྷ་སར་འགྲོ་སའི་ཡིག་ཟམ་ལམ་བུ་གསར་གཏོད་བྱས་པ་རེད། སྤྱི་ལོ1720ལོར་མཉྫུ་གོང་མས་བོད་ལ་དམག་རོགས་མངགས་ནས་སོག་པོ་ཇུན་གར་གྱི་དཔུང་དམག་དབུས་ནས་ཕྱིར་འབུད་བཏང་བར་མ་ཟད། མི་ཉག་དར་རྩེ་མདོ་ནས་ལྷ་ས་བར་གྱི་ཡིག་ཟམ་ལམ་བུ་ཉམས་གསོ་བྱས་པ་རེད། ལྕགས་ལ་རྒྱལ་པོའི་གདུང་རྒྱུད་ལྕགས་ལ་རྒྱལ་མཚན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། དཔྱད་གཞི་ཡིག་རིགས་འགའི་ནང་དུ་ཆིང་རྒྱལ་རབས་ཀྱི་གོང་མ་ཐབས་སྐྱོང་རྒྱལ་པོས་ཨཀྱ་ཁ་པ་ཞེས་པའི་གོ་གནས་གནང་ཞིང་། དོན་དངོས་སུ་ཨཀྱ་ཁ་པ་ཞེས་པ་ནི་གོ་གནས་ཀྱི་ཐོབ་ཐང་ཡིན་པ་རེད། དར་མདོའི་ཡུལ་འདིར་སྟོབས་འབྱོར་དང་དབང་ཤུགས་ཆེ་ཤོས་ལ། བདག་པོ་ལྕགས་ལ་རྒྱལ་པོ། སྡེ་བ་དབལ་གསས་སྐྱབས་པ། བླ་མ་རྡོ་རྗེ་བྲག་པ།  དྲུང་ཡིག་ཨན་ཆེན་ཚང་ཞེས་ཟེར་སྲོལ་ཆགས་པ་རེད། སྡེ་བ་དབལ་གསས་སྐྱབས་ཚང་གིས་གཙོ་བོ་ཚོང་གཉེར་སྐོར་གྱི་བྱ་བ་སྣ་ཚོགས་སྒྲུབ་གཉེར་བྱེད་འགན་འཁུར་དགོས་ཤིང་། དུས་དེ་ནས་བཟུང་ཨ་ཀྱ་ཁ་པ། བོད་ཀྱི་ཚོང་དཔོན། རྒྱ་ཇ་ཚོང་མཁན་གྱི་བར་ལ་རྒྱུན་ལྡན་གྱི་འབྲེལ་བ་ཞིག་ཆགས་ཡོད་པ་རེད།  ཨཀྱ་ཁ་པ་ནི་བོད་ཀྱི་ཚོང་དཔོན་སོ་སོའི་གནས་ཚང་དང་ཚོང་འབྲེལ་གཏུགས་ཀྱི་ལས་ཀ་སྒྲུབ་མཁན་ཡིན་ཞིང་། ལྕགས་ལ་རྒྱལ་པོའི་བཀོད་པར་གཞིགས་ནས་ཨཀྱ་ཁ་པའི་སྡོད་གནས་ཀྱི་ཁང་པ་ཐམས་ཅད་གྲུ་བཞི་ར་སྐོར་ཅན་གྱི་ནང་མགྲོན་པོའི་སྡོད་གནས་དང་དེ་དག་ལ་མཁོ་བའི་སྲུང་མ་ཁང་། བསངས་འཁོར་ཅན།  མཆོད་ཁང་བཅས་གང་ལ་ཅི་དགོས་ཡོད་པ་རེད། ད་ལོར(2019)ལོ་ན་གྱ་བརྒྱད་ལ་སོན་པའི་ཅའོ་ཆོན་ཡིའུ་ཡིས་ངོ་སྤྲོད་བྱས་དོན། སྔོན་དུས་སུ་དར་རྩེ་མདོའི་དམངས་ཁྲོད་དུ༼  གཡག་ར་མ་རེད་གཡང་ར་ཡིན། ། ནོར་བུ་བཟང་པོའི་སྒར་ཚུགས་ཡིན།། འགག་མདོ་གངས་ཆུ་ཟམ་པའི་ཐོག  །མཛོ་རྟ་དྲེལ་བརྒྱ་ཤར་སྟོང་ཤར་རེད། །ཤར་རྒྱུ་ལ་ཕུ་ཐག་རིང་པོ་ལ།། ནོར་བུ་བཟང་པོའི་དྲེལ་པ་ཆུ་ཤར་ཤར། །ཞེས་གླུ་ལེན་སྲོལ་ཡོད་པ་རེད། དེའི་ཐོག་ནས་དར་རྩེ་མདོ་ཉིད་གནའ་བོའི་ཚོང་འདྲེན་རྡལ་ལམ་བརྒྱུད་ཡུལ་གལ་ཆེན་ཞིག་ཡིན་པ་ནི་རང་ཤུགས་སུ་བསྟན་པ་རེད། མི་ཉག་ལྟག་སྒོའི་ནང་སྡོད་མཁན་གྱི་ཨཀྱ་ཁ་པ་ཆུང་རིགས་ཁག་གཅིག་ནི་མར་དང་འབྲུ་རིགས་སོགས་ཉོ་ཚོང་གི་གནས་བདག་ཡིན་སྟབས་ཟ་སྒོ་ཆེན་པོ་མེད་ཅིང་། ཨཀྱ་ཁ་པ་དེ་རིགས་ཀྱི་དཔལ་འབྱོར་སྟོབས་ཤུགས་ཅུང་ཉམས་ཞན་ཡིན་པ་རེད། གཡག་རྭ་སྡེ་བ་དང་མི་ཉག་སྡེ་བ་གཉིས་ཀྱི་ཨཀྱ་ཁ་པ་སོ་སོའི་བཀོད་སྒྲིག་འོག    བོད་ཀྱི་ཚོང་པ་རྣམས་ལ་གཟན་རྩྭ་དང་འབྲུ་རིགས་འདང་ངེས་བཙོང་རྒྱུ་ཡོད་པ་བྱ་དགོས།        བོད་ཀྱི་ཚོང་རྫས་ནི་ལྤགས་རིགས་དང་གླ་རྩི། དབྱར་རྩྭ་དགུན་འབུ་སོགས་དང་། རྒྱའི་ཚོང་རྫས་ནི་གཙོ་བོ་ཇ་དང་དངུལ་དཀར་པོ། རས་ཆ། མདའ་མདེའུ་དང་ཚྭ། བུལ་ཏོག་རྣམས་ཡིན་པ་རེད།
  རྒྱ་ཡི་ལོ་རྒྱུས་དེབ་ཐེར་ནང་བཀོད་པར་གཞིགས་ན། 1910ལོར་བོད་སྡོད་ཨམ་བན་ལན་ཡུས་ཀྱིས་བོད་རྒྱ་དཔོན་རིགས་ཁག་ཅིག་ལྷ་ས་ནས་ཆབ་མདོའི་བར་གྱི་གཞུང་ལམ་ལ་བརྟག་དཔྱད་བྱེད་པར་མངགས་པར་མ་ཟད། དེར་ཞེང་ཚད་ལ་ཐེར་གེ་གཉིས་མཉམ་གཤིབ་ཏུ་འགྲོ་ཐུབ་པའི་གཞུང་ལམ་ཞིག་བཟོ་དགོས་པའི་སྙན་ཞུ་གོང་མར་ཕུལ་མོད། འོན་ཀྱང་སྐབས་དེར་མཉྫུ་གོང་མར་རྒྱུ་སྟོབས་མེད་སྟབས་དོན་དག་དེ་འགྲུབ་ཐུབ་མེད། དེའི་རྗེས་དམག་འཁྲུག་གིས་རྐྱེན་པས་ཚོང་འགྲུལ་ལམ་བུ་དེ་རེ་ཞིག་ཆད་རུང་། མཉྫུ་རྒྱལ་རབས་ཀྱི་དུས་མཇུག་དང་མི་སེར་རྒྱལ་ཁབ་ཀྱི་དུས་འགོར་རགས་ཙམ་སླར་གསོ་བྱུང་བ་རེད།
          མཉྫུ་རྒྱལ་རབས་ཀྱི་དུས་མཇུག་དང་མི་སེར་རྒྱལ་ཁབ་ཀྱི་དུས་འགོར་ཇ་ཚོང་རྒྱག་མཁན་ཇེ་མང་དུ་སོང་ནས་ཇ་ཚོང་རྒྱག་མཁན་ནང་བོད་པའི་ཚོང་པ་ཡོད་པར་མ་ཟད། ད་དུང་རྒྱ་རིགས་དང་འཇང་རིགས་ཀྱི་ཚོང་པ་ཡང་མང་པོ་ཡོད། ཁོ་ཚོས་ཇ་དང་ཚྭ། རས་ཆ་སོགས་བོད་ལ་དབོར་ནས་བོད་ཀྱི་ལྤགས་རིགས་དང་སྨན་རྩྭ་ལ་སོགས་པའི་ཡུལ་ཐོན་ཁྱད་རྫས་ལ་བརྗེ་རེས་བྱས་རྗེས། རྟ་དྲེལ་མཛོ་གཡག་སོགས་ལ་བཀལ་ནས་སི་ཁྲོན་ཞིང་ཆེན་དང་ཡུན་ནན་ཞིང་ཆེན་གཉིས་སུ་དབོར་འདྲེན་བྱས་པ་རེད།
  རི་འགོག་དམག་འཁྲུག་གི་དུས་མཇུག་ལ་གནའ་བོའི་ཚོང་འདྲེན་རྡལ་ལམ་གྱིས་ནུས་པ་གལ་ཆེན་ཐོན་པ་རེད།1942ལོར་ཡུན་ནན་ནས་འབར་མར་འགྲོ་སའི་ཀྲུང་གོའི་རྒྱལ་སྤྱིའི་འགྲིམ་འགྲུལ་ལམ་བུ་གཅིག་པུ་དེ་བཀག་སྟབས། ས་དམ་ནས་བོད་བར་གྱི་ཚོང་འདྲེན་རྡལ་ལམ་བརྒྱུད་ནས་རྒྱ་གར་ལ་འགྲོ་སའི་གཞུང་ལམ་དེ་རེ་ཞིག་ལྷོ་ནུབ་ས་ཁུལ་གྱི་རྒྱལ་སྤྱིའི་ཚོང་ལམ་གལ་ཆེན་ཞིག་ཏུ་གྱུར་ནས་ཚོང་འགྲུལ་ཤིན་ཏུ་དར་རྒྱས་བྱུང་བའོ།།

ཡེ་ཤེས་མགོན་པོས་བྲིས་ཤིང་པར་བླངས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།

  • ལེ་ཚན་སྔོན་མ།:ཨ་མའི་ཕྱག་ཟུང་།
  • ལེ་ཚན་རྗེས་མ།:བྱིས་དུས།