​དྲུག་གཅིག་གི་སྐྱ་རེངས།

སྒོ་འཛུ་ཚེ་སྐྱབས་ནོར་བུ།        2019-05-27

   མཛུབ་མགོར་གྲངས་ཀ་བརྩི་བའི་དུས་སྟོན་དེ་དངོས་གནས་སྐྱིད་པོ་རེད། ཤོག་བུའི་གནམ་གྲུ་གཏོང་བའི་ལོ་ཟླ་དེ་ངོ་མ་སྤྲོ་པོ་རེད། དུས་ཚིགས་བརྒལ་ནས་དེ་རིང་ཕྱིར་དྲན་གྱི་ཉིན་མོ་འདི་ལ། ཆུང་བའི་སྐལ་བ་འདི་འདས་པ་སེམས་རེ་སྐྱོ། སློབ་གྲོགས་ཆུང་ཆུང་ཚོ། ཨ་མས་ཁྱོད་ཚོ་མེ་ཏོག་ས་བོན་བཞིན་སོན་ན་སེམས་ཀྱིན་ཡོད། སློབ་གྲོགས་ཆུང་ཆུང་ཚོ། ཨ་ཕས་ཁྱོད་ཚོ་གླག་རྒོད་ལྡེམ་མྱུར་བཞིན་བསྐྱོད་ན་སྙམ་གྱིན་འདུག དྲུག་གཅིག་འདི་ཁྱོད་ཚོར་དབང་བའི་དུས་ཆེན་གྱི་སྐྱ་རེངས་རེད། ལོ་དུ་མའི་སྔོན་ལ་ང་ལའང་དབང་བའི་ཉིན་མོ་ཞིག་ཡིན།

   དེ་རིང་། དྲན་གསོ་དང་ཞེན་ཆགས་ཀྱི་ཀློང་ནས་སྨོན་འདུན་དང་བཀྲ་ཤིས་ཞུ། ན་སོ་ལོན་དུས།སློབ་གྲོགས་ཆུང་ཆུང་ཚོ། སྨན་པ་བྱེད། དམག་མི་བྱེད། དགེ་རྒན་བྱེད། འདི་དག་ཡོད་ཚད་ཁྱོད་ཚོའི་ཕུགས་བསམ་རེད།  རྨི་ལམ་རེད། སྙན་ངག་པའི་སྨྱུག་རྩེ་ཞིག་གི་རང་མདངས་མིན་པའི་ངེས་པ་མེད། ཉིན་མོ་དེར། དྭངས་གཙང་གི་ཤོག་སྟོང་དཀར་པོར་སྣ་ཚོགས་རི་མོས་བཀངས། འཆར་སྣང་འཇའ་་ཚོན་སྣ་སྔ་ཡངས་པའི་མཁའ་ནས་ཤར། བྱིས་པའི་ལོ་ཟླ་དྲན་པའི་མིག་ཆུ་དབང་མེད་ཤོར། དགུ་སྦྲེལ་མདུད་པ་གྲོལ་བའི་སྐྱོ་བ་ཡིད་ལ་འཐུམས། འདི་དག་དང་དེ་དག་གི་ཕ་རོལ་ན་ལོ་ཟླའི་རྒས་གཉེར་དུ་མ། རྒན་པོའི་མིག་ཟུང་སྐྱ་བོ་འཁྲུལ་བའི་ངང་འཁྱིལ་འདུག དགའ་སྐྱོ་དང་སྐྱིད་སྡུག་ཟེར་བ། གོམ་འགྲོས་དང་ལམ་བུ་ཟེར་བ། ཁ་དོག་དང་བྲོ་བ་ཟེར་བ། ཡོད་ཚད། རྨི་ལམ་ཐུན་གཅིག་གི་བརྗེད་བྱང་རེད། རྩོམ་གྱི་མཐོ་རླབས་ན་བཞུར་བའི་དྲན་རྟེན་རེད། ཐམས་ཅད། འོད་ཀྱི་དུར་ཐང་བསྙེགས་པའི་ཕྱིར་བལྟས་རེད། སྟོང་སངས་ཁམས་ན་འཁྱམས་པའི་རྣམ་ཤེས་རེད།


  • ལེ་ཚན་སྔོན་མ།:ཕ་ཡུལ་གྱི་གཡུ་བཟང་རྩྭ་ཐང་ལ་བལྟས་པའི་ཟིན་ཐོ་སེམས་ཀྱི་དར་དཀར།
  • ལེ་ཚན་རྗེས་མ།:དཔྱིད་ཀ་སླེབས་བྱུང་།
  • རྩོམ་གསར། 10