མཛེས་ཉམས་དཔལ་དུ་འབར་བའི་དཀར་མཛེས་ཁུལ།

        2019-05-22

    

མཛེས་ཉམས་དཔལ་དུ་འབར་བའི་དཀར་མཛེས་ཁུལ།

    སྤྱི་ཟླ5པའི་ཚེས19ཉིན་གྱི་སྔ་དྲོའི་ཆུ་ཚོད9པའི་ཐོག རོང་བྲག་རྫོང་སྤྲོ་སྣང་ཤང་ཧ་རྩེ་ཐང་དུ་སྔོན་པོ་གཡུ་ཡིས་གོས་བཟང་བཀླུབས། དཔྱིད་གྱི་དཔལ་ཡོན་རྒྱས་པའི་དུས་ཚིགས་ཤར། གཞི་ཁྱོན་ཧ་ལམ་མུའུ80ཡོད་པའི་བྲ་བོ་མེ་ཏོག་གི་ཁྲོད་དུ་བཀོད་སྒྲིག་བྱས་པའི་གར་སྟེགས་ལ་གནས་རི་རྒྱལ་མོ་དམུ་རྡོ་དང་སྤྲོ་སྣང་བོད་རིགས་གྲོང་སྡེ། གནའ་བོའི་མཁར་རྫོང་གིས་རྒྱབ་ལྗོངས་བྱས་ནས་ལྟད་མོ་བ་ཚོའི་མིག་ལམ་དུ་མངོན་སྟོན་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཡུལ་དེ་གར2019ལོའི་སི་ཁྲོན་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་དངོས་སུ་མགོ་ཚུགས་པ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།

   2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་འཛུགས་སྐྱོང་བྱས་པའི་ཡུལ་སྐོར་དུས་ཆེན་ཆེ་གྲས་ཀྱི་བྱེད་སྒོ་ཞིག་ཡིན་པ་རེད། དེའི་སྔོན་དུ་རང་ཁུལ་གྱིས་བདེ་བླག་ངང་ནས་སྐབས་གསུམ་གྱི་རིག་གནས་ཡུལ་སྐོར་དུས་ཆེན་འཛུགས་གཉེར་བྱས་ཏེ་རང་ཁུལ་གྱི་ཁོངས་ཡོངས་སུ་ཡུལ་སྐོར་དང་དབུལ་ཐར་འགག་སྒྲོལ། གྲོང་སྡེ་དར་རྒྱས་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་ཞིང་ཕུགས་ཐག་ཆོད་པའི་ནུས་པ་འདོན་སྤེལ་བྱས་པར་བརྟེན། རི་ཀླུང་ཡུལ་སྐོར་ནི་རང་ཁུལ་འདི་རྒྱལ་ཡོངས་དང་འཛམ་གླིང་ལ་མངོན་སྟོན་བྱེད་སའི་ཚོང་རྟགས་རྩེ་གྲ་ཅན་དུ་གྱུར་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་ཤིས་ཚིག་འབུལ་སྐབས་སླར་ཡང་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་བ་མགྲོན་བསུ་ཞུ་བ་དང་ཆབས་ཅིག དཀར་མཛེས་ཁུལ་གྱི་ས་ཁམས་ཆགས་ཚུལ་ཡ་མཚན་ཅན་དང་རི་ཀླུང་གི་མཛེས་ལྗོངས་འགྲན་ཟླ་བྲལ་བ། ས་ཁོངས་རིག་གནས་ལ་དམིགས་བསལ་གྱི་ཁྱད་ཆོས་ཡོད་པས་འཛམ་གླིང་ལ་མཐོང་དཀོན་ལ། འཛམ་གླིང་ཡོངས་ཀྱི་དོ་ཁུར་བྱ་ཡུལ་དུ་གྱུར། ས་གནས་འདིར་འཛམ་གླིང་གི་གངས་རི་ཆེན་པོ་བཅུའི་ཡ་གྱལ་འབོ་ཡུལ་གངས་དཀར་རི་བོ་བརྗིད་ཆགས་འགྱིང་ངེར་ལངས། ཤམ་བྷ་ལའི་བླ་རི་ཞེས་མཚན་སྙན་ཡོད་པའི་ཉི་སྟེན་རིགས་གསུམ་མགོན་པོའི་གནས་རི་གཡང་གཟར་བརྗིད་དུ་ཆགས། མཚོ་བོད་འཕྲེད་རྒྱུག་རི་རྒྱུད་ཀྱི་ལྟེ་གནས་དགེ་བསྙེན་གནས་རི་གཡོ་མེད་ཁེར་རྐྱང་གནས། མཚོ་འཕགས་དམའ་སར་གནས་པའི་དུང་དཀར་ལུང་པའི་འཁྱག་ཀླུང་གིས་འགྲུལ་པའི་ཡིད་དབང་འགུག 《དར་མདོ་མཛའ་གཞས》འཛམ་གླིང་ཡོངས་སུ་སྙན་པའི་རོལ་དབྱངས་ཁྱབ། 《གླིང་གེ་སར་རྟོགས་བརྗོད》ལོ་སྟོང་ཕྲག་བརྒྱུད་པའི་ལོ་རྒྱུས་མཚོན། ཁམས་པའི་རིག་གནས་ཆོལ་ཁ་སྡེ་དགེའི་པར་ཁང་གིས་བརྗིད་ཉམས་ཀྱི་གཟི་འོད་འཕྲོ། རོང་བྲག་བརྒྱ་གྱུར་བོད་གྲོང་གནའ་ཉམས་སོར་དུ་གནས། དམར་དམག་རྒྱང་སྐྱོད་བྱེད་སྐབས་དང་ཐོག་བརྒལ་བའི་གདོང་ལའི་གངས་རི་ལོ་རྒྱུས་དེབ་ཐེར་དུ་བཀོད་པར་བརྟེན། མཁས་དབང་ཀྲང་ཏཱ་ཆོན་གྱིས་གཡར་གཟར་རི་ཀླུང་གོས་རྒྱན་རིགས་སུ་མཐུན། ། མཛེས་པའི་ཡུལ་ལྗོངས་མཛེས་རྩལ་དཔལ་ལ་འགྲན།། ཞེས་པའི་སྙན་ངག་བསྟོད་བརྗོད་མཛད་ལ། ལུའོ་ཁེ་ཀྲང་མོ་སི་ཞི་ཨར་ཏུན་སོགས་ཕྱི་རྒྱལ་གྱི་ཉེན་བརྟག་པ་དང་རིག་གཞུང་མཁས་ཅན་གྱི་ཡིད་དབང་འགུག་ས་ནི་དེ་བས་ཀྱང་ཡིན་པ་རེད། ལྷག་བསམ་རྣམ་དག་གིས་འཛམ་གླིང་ཡོངས་ཀྱི་གྲོགས་པོ་ཚོས་གནས་མཆོག་དཀར་མཛེས་ཁུལ་གྱི་མཛེས་ལྗོངས་ཉམས་སུ་མྱོང་བར་གདན་འདྲེན་ཞུས་ནས་ལག་གདང་སྦྲེལ་ཏེ་རི་ཀླུང་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་བརྩམ་རྒྱུ་ཡིན་ཞེས་གསུངས་པ་རེད།

    འགོ་ཚུགས་མཛད་སྒོ་མཇུག་བསྒྲིལ་རྗེས། ཡུལ་དངོས་ཀྱི་མཛེས་ལྗོངས་བརྙན་ཕབ་བྱས་པའི་བརྙན་རིས《མཛེས་མའི་ལུང་པ》མི་རྣམས་ཀྱི་མིག་ལམ་དུ་བསྟན། བོད་ཀྱི་གྲོང་སྡེ་དང་གནའ་བོའི་མཁར་རྫོང་བར་དུས་ཆེན་གྱི་གཟབ་མཆོར་སྤྲས་པའི་རྒྱལ་རོང་མཛེས་མ་ཚོས་བྲ་བོའི་མེ་ཏོག་ཁྲོད་དུ་བརྒྱུད་པའི་ལམ་ཕྲང་དེད་ནས་གར་སྟེགས་ཕྱོགས་སུ་འགྲོ་གིན་འདུག 《མཛེས་མའི་ལུང་པ》ནི《མཛེས་པའི་ཚེ་སྲོག》《མཛེས་པའི་ས་གཞི་ཆེན་པོ》《མཛེས་པའི་བརྩེ་དུང》《མཛེས་པའི་གུས་སྲོལ》དང་མཇུག་བསྡུའི་ལེ་ཚན་བཅས་འཁྲབ་ཚན་ལྔ་བགོས་ཡོད་ཅིང་། བུ་མོ་ཆུང་ཆུང་གི་སྐྱེས་སྐར་དང་འཚར་ལོངས། མཛའ་སེམས། གཉེན་སྒྲིག་བཅས་ལ་དམིགས་ནས་རྒྱལ་རོང་བོད་པའི་ཡ་མཚན་པའི་ངག་རྒྱུན་དང་རིག་གཞུང་། གུས་ལུགས། གླུ་གར། དེ་བཞིན་དུ་འཚོ་བའི་གོམས་སྲོལ་མཚོན་པ་བྱས་ཏེ་གསོན་ཉམས་ལྡན་པའི་ངང་ནས་རོང་བྲག་གི་ནང་དོན་ཟབ་མོ་ཡོད་པའི་རིག་གནས་མཚོན་པ་རེད།

    འཁྲབ་སྟོན་བྱེད་པའི་སྐབས་སུ་རྐང་བཙུགས་ནས་ཁྲེང་ཏུའུ་ནས་འོངས་པའི་ཡུལ་སྐོར་འགྲུལ་པ་ཀྲང་ཅུན་གྱིས་དྲན་རྟེན་གྱི་འདྲ་པར་དང་བརྙན་རི་ཕབ་ཞོར་གསར་འགོད་པར་རོང་བྲག་ནི་ཡུལ་ལྗོངས་མཛེས་ལ། མིའང་མཛེས། ཅི་ས་གང་ཐད་ནི་མཛེས་པོ་རེད་ཅེས་ཧ་ལས་པའི་ངང་ནས་དེ་ལྟར་བཤད།།


  • ལེ་ཚན་སྔོན་མ།:སྐབས་རིམ་བྱུང་གི་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་ལ་ཕྱི་མིག་བལྟས་པ།
  • ལེ་ཚན་རྗེས་མ།:དངོས་ལྗོངས་བརྙན་ཕབ་འཁྲབ་ཚན《མཛེས་མའི་ལུང་པ》ཞེས་པ་ཐོག་མར་འཁྲབ།
  • དོ་སྣང་ཆེ་བའི་རྩོམ།