ཁེ་ལས་ཀྱིས་སྡེ་བར་རོགས་སྐྱོར་བྱས་ནས་དབུལ་ཐར་ལམ་བུ་བཏོད།

ལས་ཞོར་གསར་འགོད་པ་ཡེ་ཤེས་སྒྲོལ་མས་བྲིས།        2019-05-20

     གསེར་རྟ་རྫོང་རྒྱ་ཤོད་ཡུལ་ཚོའི་བརྒྱད་ཁོག་སྡེ་བས་དབུལ་ཐར་ཡོང་བར་ཕྱོགས་མང་པོའི་ཆ་ནས་སྤྱི་ཚོགས་ཀྱི་ཐོན་ཁུངས་ཡོངས་འདུས་དང་། ཁེ་ལས་ཀྱིས་སྡེ་བར་རོགས་སྐྱོར་བྱེད་པའི་བྱེད་སྒོ་སྤེལ་ནས། དབུལ་ཐར་འགག་སྒྲོལ་ཁྲོད་ཀྱི་མི་འདང་སར་ཁ་གསབ་དང་གྲུབ་འབྲས་ཇེ་ཆེར་བཏང་བ་རེད རོགས་སྐྱོར་ཁེ་ལས་ཀྱི་མཐུན་རྐྱེན་བཏོན་ནས་སྡེ་བ་དང་ཁེ་ལས་ཆ་སྒྲིག་མཉམ་ལས་བྱེད་པའི་རྣམ་པ་དང་ལམ་ཕྱོགས་གསར་པ་བཙལ་ནས་སྤྱོད་གོ་ཆོད་པའི་རོགས་སྐྱོར་ཇུས་གཞི་གཏན་འབེབས་བྱས་ཤིང་། སྡེ་བའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཕྱུགས་འཚོ་གསོ་སྤེལ་དང་སྨན་རྩྭ་རྨོ་འདེབས་གཙོ་བོར་བྱས་པའི་ཐོན་ལས་རོགས་སྐྱོར་ལས་གཞི་ལག་བསྟར་བ་དང་། ཁ་གཏད་རོགས་སྐྱོར་བྱ་ཐབས་བཅས་སྤྱད་ནས། 2019ལོར་དབུལ་ཕོངས་གྲོང་སྡེ་དབུལ་གྲས་ནས་འབུད་པར་སྐུལ་འདེད་བྱས།

     སྤྱི་ཟླ5པའི་ཚེས3ཉིན་ནས་བཟུང་། སི་ཁྲོན་མའོ་ཡའོ་ནགས་ལས་སྐྱེད་ཚལ་ལས་གཞི་ཚད་ཡོད་ཁེ་ལས་དང་སི་ཁྲོན་ཞིན་ཧྭ་མ་ཡེས་བུ་ལས་རིགས་གསོ་སྦྱོང་སློབ་གྲྭ་གཉིས་དང་མཉམ་དུ་ཁེ་ལས་ཀྱིས་སྡེ་བ་ལ་རོགས་སྐྱོར་བྱེད་ཅེས་པའི་བཞུགས་མོལ་ཚོགས་འདུ་དང་མིང་འགོད་བྱེད་སྒོ་སྤེལ་ཞིང་། ཐོན་ལས་མཉམ་ལས་ཐད་ནས་སི་ཁྲོན་མའོ་ཡའོ་ནགས་ལས་སྐྱེད་ཚལ་ལས་གཞི་ཚད་ཡོད་སྤྱི་གཉེར་ཁང་དང་མཉམ་འབྲེལ་བྱས་ནས། མང་ཚོགས་ཁྲིམས་སྐྱོང་རིག་གནས་ཐང་ཆེན་འཛུགས་སྐྲུན་ཁྲོད་ཞུགས་ནས་འཆར་འགོད་ཇུས་གཞི་བཏོན་པ་དང་ཆེད་ལས་རུ་ཁག་གིས་ཡུལ་དངོས་ནས་ལས་སྒྲུབ་བྱས་ཤིང་། ཡུལ་སྐོར་ལས་རིགས་སྤེལ་བར་རོགས་སྐྱོར་ཤུགས་ཆེན་བྱས་ནས། བརྒྱད་ཁོག་སྡེ་བའི་དཔལ་འབྱོར་ལ་གོང་འཕེལ་ཆེན་པོ་ཐེབས་པ་དང་། སྡེ་བའི་སྤྱིའི་དཔལ་འབྱོར་ཡང་ཇེ་བཟང་དུ་ཕྱིན་ཡོད།

     དབུལ་སྐྱོར་དང་རིག་སྐྱོར་གྱི་ཕྱོགས་ནས། ཁྲེང་ཏུའུ་ཞིན་ཧྭ་ཡེས་མ་བུ་ལས་རིགས་ནུས་རྩལ་གསོ་སྦྱོང་སློབ་གྲྭ་དང་མཉམ་དུ་རོགས་སྐྱོར་ཇུས་གཞི་བཀོད་པ་དང་། མང་ཚོགས་ལ་ཇ་མ་དང་དང་ཁྱིམ་ལས། མ་བུ་གསོ་སྐྱོང་སོགས་སྤྱི་ཕན་ལག་རྩལ་སོགས་གསོ་སྦྱོང་བྱས་ནས། ཐོན་སྐྱེད་ཀྱི་རྩལ་ནུས་དང་འཚོ་བའི་ཆ་རྐྱེན་སོགས་ཇེ་ལེགས་སུ་བཏང་། སློབ་མ་དང་དབུལ་ཕོངས་ཁྱིམ་ཚང་བར་གྱི་ཁ་གཏད་རོགས་སྐྱོར་སྤེལ་ནས། སློབ་མས་ཁྱིམ་པ་ཁྲིད་པ། ཁྱིམ་པས་སྡེ་བ་འཁྲིད་རྒྱུའི་སློབ་གསོའི་བྱེད་ཐབས་སྤྱད་ནས་དབུལ་སྐྱོར་ལ་སྐུལ་འདེད་དང་། དབུལ་སྐྱོར་གནད་སྨིན་ལག་བསྟར་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་ནུས་འབྲས་ཇེ་ཆེར་བཏང་སྟེ། མང་ཚོགས་ལ་ཡོང་འབབ་འཕར་སྣོན་བྱ་ཐུབ་པའི་ལམ་བུ་ཡང་དག་ཞིག་བཏོད་པ་རེད།  

  • ལེ་ཚན་སྔོན་མ།:མང་ཚོགས་ཁྲི4ལ་ཉེ་བ་ལི་ཐང་རྩྭ་ཐང་དུ་དབྱར་རྩྭ་དགུན་འབུ་རྐོ་སར་འགྲོ་བཞིན་ཡོད།
  • ལེ་ཚན་རྗེས་མ།:2019ལོའི་སི་ཁྲོན་དཀར་མཛེས་ཁུལ་རི་ཀླུང་ཡུལ་སྐོར་རིག་གནས་དུས་ཆེན་སྤེལ་འགོ་ཚུགས།
  • དོ་སྣང་ཆེ་བའི་རྩོམ།