གཙང་གསུམ་ཆུ་འགོའི“གཙང་བཟོའི་ལས་གྲྭ”ཁྱོན་ཡོངས་ལ་ཁྱབ་ནས་ཞིང་འབྲོག་པ་ཁྲི་བརྒྱ་ལ་ཕན་པ་ཐོབ།

        2019-05-15

    ཞིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གཏམ་གསར། མཚོ་སྔོན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོང་ཐིང་ནས་ཤེས་རྟོགས་བྱུང་བར། གཙང་གསུམ་ཆུ་འགོའི“གཙང་བཟོའི་ལས་གྲྭ”ལོ5ལག་བསྟར་བྱས་པ་བརྒྱུད་མིག་སྔར་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། ལས་གྲྭ་དེ་ལག་བསྟར་བྱས་པ་ལས་ཕ་མེས་ཡང་མེས་ནས་དེ་གར་འཚོ་སྡོད་བྱེད་པའི་ཞིང་འབྲོག་པ་ཁྲི་བརྒྱའི་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། ད་དུང་སྐྱེ་ཁམས་ཁོར་ཡུག་ཀྱང་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

     2014ལོར་མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་དང་དུས་ཐེངས་གཉིས་པའི་ལས་གྲྭ་སྐྲུན་འགོ་ཚུགས་པ་དང་ཟུང་འབྲེལ་བྱས་ནས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་གྱིས་གཏན་འཁེལ་བྱས་པའི་ཡུལ་ཤུལ་དང་། མགོ་ལོག མཚོ་ལྷོ། རྨ་ལྷོ་བཅས་རང་སྐྱོང་ཁུལ4ཡི་རྫོང21དང་། མཚོ་ནུབ་ཁུལ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ“གཙང་བཟོའི་ལས་གྲྭ”རིམ་བཞིན་སྤེལ་བ་རེད།

     ཤེས་རྟོགས་བྱུང་བར་གཞིགས་ན། 2014ལོ་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་ཆུ་འགོའི་ཁུལ་དུ་གད་སྙིགས་ཕྱོགས་བསྡུས་གཙང་སེལ་བྱས་ནས་གད་སྙིགས་ཉུང་གཏོང་ཅན་དང་། ཐོན་ཁུངས་ཅན། གནོད་མེད་ཅན་བཅས་མངོན་འགྱུར་བྱས་པ་དང་ཆབས་ཅིག ད་དུང་འགྱིག་ཤོག་གི་སྦགས་བཙོག་ཁྱོན་ཡོངས་ནས་བཅོས་སྒྲིག་ཀྱང་བྱས་པ་རེད། ལོ་ལྔའི་རིང་ཆུ་འགོའི་ཁུལ་གྱི་གྲོང་ཚོ་དང་། འབྲོག་ར། ར་སྐོར། ཆུ་འགོ་སོགས་ལ“གཙང་བཟོའི་ལས་གྲྭ”སྤེལ་བར་བརྒྱུད། ཞིང་འབྲོག་པ་ཁྲི106གི་འཚོ་བའི་ཁོར་ཡུག་ལེགས་སུ་ཕྱིན་ཡོད་པ་རེད།

    འགྱིག་ཤོག་གི་སྦགས་བཙོག་ཁྱོན་ཡོངས་ནས་བཅོས་སྒྲིག་བྱ་ཆེད། གཙང་གསུམ་ཆུ་འགོའི་ཕང་བ་རུ་ཡོད་པའི་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་གིས2004ལོ་ནས་བཟུང་འགྱིག་ཁུག་སྤྱད་རྒྱུ་སྔོན་འགོག་བྱས་པ་དང་། ད་ཆ་འབྲོག་པ་མང་ཚོགས་ལ་རས་ཁུག་སོགས་སྤྱོད་པའི་གོམས་གཤིས་འཇགས་ཡོད་པ་རེད།

    གདང་ལ་གྲོང་རྡལ་གྱི་འགན་འཁུར་བས། གཙང་བཟོའི་ལས་གྲྭ་སོགས་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱས་པར་བརྒྱུད། ད་ཆའི་ཆུ་འགོའི་གྲོང་ཚོ་ཁག་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཀྱང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། 2004ལོ་དང་བསྡུར་ན་འབྲོག་པ་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ལྡབ་བཅུ་འཕར་ནས། ཁོ་ཚོའི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་ཅེས་བརྗོད་པ་རེད།།

 


  • ལེ་ཚན་སྔོན་མ།:ཝང་དབྱང་གིས་བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ60འཁོར་བའི་ཆེད་དོན་འགྲེམས་སྟོན་ལ་གཟིགས་ཞིབ་གནང་།
  • ལེ་ཚན་རྗེས་མ།:འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་ཚོགས་འདུའི་བོད་ཀྱི་འགྲེམ་སྟོན་ཁང་དུ་གངས་ལྗོངས་ཀྱི་ཉམས་འགྱུར་ཕྱིར་མངོན་པ།འཛམ་གླིང་ལྡུམ་རའི་ལག་རྩལ་དངོས་མང་འགྲེམ་སྟོན་
  • དོ་སྣང་ཆེ་བའི་རྩོམ།