ཁུལ་སྲིད་གཞུང་གིས་ཧྭ་ཞི་སྨན་ཁང་དང་མཉམ་དུ་སྨན་ལས་གཉེར་རྒྱུའི་གན་རྒྱ་བཞག་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

ལྷ་འཛོམས་ཀྱིས་བསྒྱུར།        2019-05-15

ཁུལ་སྲིད་གཞུང་གིས་ཧྭ་ཞི་སྨན་ཁང་དང་མཉམ་དུ་སྨན་ལས་གཉེར་རྒྱུའི་གན་རྒྱ་བཞག་པའི་མཛད་སྒོ་ཁྲེང་ཏུའུ་རུ་སྤེལ།

    སྤྱི་ཟླ5པའི་ཚེས10ཉིན་གྱི་སྔ་དྲོར། ཁུལ་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་བར་མཉམ་ལས་བྱས་ནས་སྨན་ལས་གཉེར་རྒྱུའི་གན་རྒྱ་བཞག་པའི་མཛད་སྒོ་དེ་ཁྲེང་ཏུའུ་ཧྭ་ཞི་སྨན་ཁང་གི་སྲིད་འཛིན་ཐོག་ཁང་དུ་སྤེལ་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཝེ། ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་སུང་ཧྲི་ཀུའེ་བཅས་གན་རྒྱ་བཞག་པའི་མཛད་སྒོ་ནང་ཞུགས་ཡོད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཡོན་ཀྲང་ལི་ཝེ་མིང་གཉིས་ཀྱིས་ཁུལ་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གི་ཚབ་མཛད་དེ་མཉམ་ལས་གན་རྒྱ་གྲོས་མཐུན་ཡི་གེའི་ཐོག་མིང་རྟགས་བཀོད་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲིལ་བསྒྲགས་པུའུ་ཀྲང་བྱམས་བློ་དང་ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཀྲང་ཡའོ་པིང་སོགས་གན་རྒྱ་བཞག་པའི་མཛད་སྒོའི་ནང་ཞུགས་ཡོད།

    ལིའུ་ཁྲེང་མིང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས། དེ་བཞིན་དཀར་མཛེས་ཁུལ་གྱི་མང་ཚོགས་ཁྲི་བརྒྱ་ལྷག་གི་ཚབ་མཛད་དེ་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་ཡུན་རིང་པོར་དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། ཁྱད་པར་དུ་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

    ལིའུ་ཁྲེང་མིང་གིས་གསུངས་དོན། ཉེ་བའི་ལོ་འགའི་ནང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དམིགས་འབེན་གཅིག་ལ་དམིགས་པ་དང་གནད་འགག་གཉིས་མངོན་གསལ་དོད་པོ། དོན་ཆེན་གསུམ་ནན་འཛིན། མི་འདང་ས་བཞི་ཁ་བསྣན། རྨང་གཞི་ཆེན་པོ་ལྔ་སྲ་བརྟན་དུ་གཏོང་ཞིང་། འཐབ་ཇུས་ཆེན་པོ་དྲུག་ལག་བསྟར་བྱས་པ་བཅས་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་པ་བཟོས་པར་བརྟེན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བ་རེད། ཡིན་ན་ཡང་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་མིན་གྱི་གནད་འགག་ནི་བདེ་ཐང་ཡིན་ཞིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་སྲིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བ་དང་ཞིང་འབྲོག་མང་ཚོགས་དབུལ་ཐར་འགག་སྒྲོལ་ཐུབ་དགོས་ན་སྨན་བཅོས་བྱ་གཞག་འཕེལ་རྒྱས་གཏང་རྒྱུར་འཛིན་ཞིང་སྨན་བཅོས་ཞབས་འདེགས་ཆུ་ཚད་མཐོར་འདེགས་གཏང་རྒྱུ་ནི་གནད་འགག་ཡིན་པ་ངོས་འཛིན་གང་ལེགས་བྱུང་ཡོད། ཁོང་གིས་ཕྱིན་ཆད་ཀྱི་མཉམ་དུ་སྨན་ལས་གཉེར་བའི་ལས་ཀའི་ནང་རང་ཁུལ་གྱིས་སྔར་ལྷག་གིས་ཚན་ཁག་འབྲེལ་མཐུད་དང་དཔུང་སྡེ་འབྲེལ་མཐུད། དོ་དམ་ནང་སྲོལ་དང་ལས་སྒོ་ཆུ་ཚད་འབྲེལ་མཐུད། རྒྱུ་ནོར་འབྲེལ་མཐུད་དང་མཉམ་ལས་སྲིད་ཇུས་འབྲེལ་མཐུད་སོགས་ཀྱི་ལས་ཀ་སྒྲུབ་ཤུགས་ཇེ་དྲག་ཏུ་གཏོང་ཞིང་སྔར་ལྷག་གིས་དཀར་མཛེས་བོད་ཁུལ་གྱི་སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ་དང་དོ་དོ་དན་དན་གྱིས་དཀར་མཛེས་བོད་ཁུལ་མང་ཚོགས་ཀྱིས་སྨན་ལྟ་བའི་དཀའ་གནད་བསལ་རྒྱུ་ཡིན་ཞེས་ནན་གསུང་གནང་བ་རེད།

    ལི་ཝེ་མིང་གིས་གན་རྒྱ་བཞག་པའི་མཛད་སྒོའི་ཐོག་ཤིས་ཚིག་ཕུལ་བ་དང་ཁོང་གིས་ཐེངས་འདིའི་མཉམ་ལས་སྨན་བཅོས་གཉེར་བའི་ཁྲོད་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་དོ་དམ་གཅིག་གྱུར་དང་ལས་སྒོ་གཅིག་གྱུར། མི་དོན་གཅིག་གྱུར་བཅས་བྱས་མཐར་སྨན་བཅོས་ཞབས་འདེགས་སྤུས་ཚད་འདྲ་མཉམ་ཅན་གྲུབ་པ་དང་རིམ་པ་བགོས་ནས་སྨན་བཅོས་དེ་ཕན་ནུས་ལྡན་པ་ཞིག་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས་དཀར་མཛེས་བོད་ཁུལ་གྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་ལ་བྱས་རྗེས་དེ་བས་ཆེན་པོ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།

   སུང་ཧྲི་ཀུའེ་ཡིས་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་ཁང་གིས་ཚབ་མཛད་དེ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་ཀྱིས་མཉམ་དུ་སྨན་ལས་གཉེར་བའི་གྲོས་གཞི་དེ་རྣམ་པ་རྒྱལ་བའི་ངང་བཞག་ཐུབ་པར་རྟེན་འབྲེལ་ཞུ་བ་རེད། ཁོང་གིས་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གིས་ནུས་ཤུགས་དང་བློ་གྲོས་ཕུལ་ནས་རྒྱབ་སྐྱོར་དང་རོགས་རམ་བྱས་འོག་དཀར་མཛེས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གི་སྤུས་ཚད་མཐོར་འདེགས་གཏོང་ཐུབ་རྒྱུར་གདོན་མི་ཟ་ཞེས་གསུངས་ཤིང་། ད་དུང་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་གཉིས་ཀྱིས་མཉམ་དུ་སྨན་ལས་གཉེར་བ་དེ་ཞིང་ཆེན་ཡོངས་ཀྱི་སྨན་ལས་མཉམ་སྦྲེལ་འཛུགས་སྐྱོང་དང་སྨན་བཅོས་ལས་ཀ་གསར་གཏོད་ནང་དཔྱད་གཞིར་འཛིན་རིན་ཡོད་པའི་ཉམས་མྱོང་དང་དཔེ་དབྱིབས་སུ་འགྱུར་བར་རེ་སྒུག་བྱེད་བཞིན་ཡོད་ཅེས་པའི་ཐུགས་རེ་ཡང་གནང་བ་རེད།།

  • ལེ་ཚན་སྔོན་མ།:2019ལོ་དར་མདོའི་བཞི་པའི་ཚེས་བརྒྱད་དུས་ཆེན་གྱི་རིག་རྩལ་སྤྲོ་ཚོགས།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཧྲུན་ཧྥེང་ཟོང་འགྲུལ་འབྲེལ་མཐུད་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།