༄༅།། འབྲུག་ཆུའི་བོད་མིའི་སྡོད་ཁང་དང་འཚོ་ཆས་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ།

དབྱིན་བཀྲ་ཤིས་ཕུན་ཚོགས།        2019-05-14

[ནང་དོན་གནད་བསྡུས།]  རྩོམ་འདིར་ཀན་སུའི་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲུག་ཆུ་རྫོང་གི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གྱི་ཡ་གྱལ་ཏེ་སྡོད་གནས་ཁང་པ་ཇི་ལྟར་སྐྲུན་ཚུལ་དང་ཁང་གསོལ་རྟེན་འབྲེལ་གྱི་མཛད་སྒོ་སོགས་ཇི་ལྟར་སྤེལ་གྱི་ཡོད་ཚུལ་གོ་རིམ་བཞིན་ངོ་སྦྲོད་རགས་ཙམ་བྱས་ཡོད།

[བརྡ་ཆད་གཙོ་བོ།] འབྲུག་ཆུ།   བོད་པའི་ཡུལ་སྲོལ། ཁང་པ། སྐྲུན་སྟངས།  

[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] K89[ཡིག་ཚང་མཚོན་བྱང་།] A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 -946X(2014)01 -074 -19   


དང་པོ། འབྲུག་ཆུའི་བོད་ཀྱི་ད་ལྟའི་གནས་ཚུལ།   

            འབྲུག་ཆུ་རྫོང་ལ་སྔ་དུས་བོད་སྐད་དུ་གསེར་སྒོ་དང་རྒྱ་སྐད་དུ་སྒྲ་སྒྱུར་“西固”ཞེས་ཟེར་ཞིང་། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཤར་ལྷོའི་ཡུལ་ཁམས་འབྲུག་དཀར་གཙང་པོ་( 白龙江)འབབ་རྒྱུད་ཀྱི་འགྲམ་ངོགས་གཡས་གཡོན་དུ་ཆགས་ཡོད་པས། སྤྱི་ལོ་1961ལོའི་ཟླ་དང་པོའི་ཚེས་1ཉིན་འབྲུག་ཆུ་རྫོང་ཞེས་བཏགས། རྫོང་འདིའི་ཤར་བྱང་ལྡོང་ཁྲོམ་རྫོང་(དེང་སང་རྒྱ་སྐད་དུ་ཐན་ཁྲང་རྫོང་ཞེས་ཟེར་)དང་། ཤར་ལྷོ་ཆུ་མ་མཁར་ཏེ་ཝུའུ་ཏུའུ་རྫོང་། ལྷོ་ནུབ་ཐེ་བོ་རྫོང་གི་ས་མཚམས་དང་འབྲེལ་ནས་ཡོད། འབྲུག་ཆུའི་བོད་རིགས་ནི་འབྲུག་དཀར་གཙང་པོ་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་གོང་སྨད་གཙང་པོ།(འབྲུག་དཀར་གཙང་པོའི་ཡན་ལག་ཅིག) བོད་ཡུལ་གཙང་པོ་འབབ་རྒྱུད་གསུམ་ཀྱི་འགྲམ་ངོགས་གཡས་གཡོན་ཏེ་སྤྱིར་འབྲུག་དཀར་གཙང་པོའི་འབབ་རྒྱུད་ཀྱི་ལྷོ་རིའི་ནགས་གསེབ་དང་རི་ཁྲོད་དེ། རི་མགོ་དང་རི་སྐེད་དུ་གྲམ་ནས་གཞིས་ཆགས་འདུག་སྟེ། ཕལ་ཆེར་རི་མཐོ་ལ་གྱེན་གཟར་བ་དང་འགྲིམ་འགྲུལ་སྟབས་མི་བདེ་བས། ཁང་སྒོ་ནས་ཕྱིར་ཐོན་ཏེ་ལས་ཀར་འགྲོ་སྐབས་ཡང་ན་འཁུར་པོ་ལྗིད་མོ་རྒྱབ་ཏུ་ཁུར་ནས་ཐུར་དུ་འགྲོ་དགོས་ལ། ཡང་ན་ཕྲག་ཏུ་ཁུར་ནས་གྱེན་ལ་འཛེག་དགོས་པ་དང་། མུག་རི་གླིང་རྒོད་དང་ས་རྒྱུ་ཞན་ཞིང་མི་རྣམས་དབུལ་བར་གྱུར་བའི་སྡུག་བསྔལ་གྱིས་གཉའ་མནན་ཏེ་དབུགས་ཀྱང་འབྱིན་པར་དཀའ་བའི་རྐྱེན་གྱིས། རྒྱལ་ཁབ་ནས་འབྲུག་ཆུ་རྫོང་ནི་རྒྱལ་ཡོངས་དབུལ་སྐྱོར་གཙོ་གནད་རྫོང་དུ་བཞག་སྟེ། དེ་ཁུལ་འཚོ་གནས་བོད་རིགས་མི་དམངས་ལ་གཙོ་བོར་དམིགས་ནས་དེང་སྐབས་དཔལ་འབྱོར་འཕེལ་རྒྱས་སུ་བཏང་བས།  འགྲིམ་འགྲུལ་དང་རིག་གནས་སློབ་གསོ།  འཚོ་བ་བཅས་གང་ཅིའི་ཐད་ཀྱི་ཆ་རྐྱེན་སྔ་མ་དང་བསྡུར་ན་འགྱུར་ལྡོག་ཆེན་པོ་བྱུང་ཡོད། ཡུལ་གྲུ་འདིར་འཚོ་སྡོད་བྱེད་མཁན་ཕལ་ཆེར་རྒྱ་དང་བོད་ཡིན་ཞིང་། འདིའི་མངའ་ཁོངས་ཀྱི་གསེར་སྒོ་གྲོང་རྡལ་དང་། རྫོང་མཁར་ནས་ལམ་ཐག་སྤྱི་ལེ་བཅོ་ལྔ་ཙམ་ཡོད་པའི་ཤར་ཕྱོགས་ཀྱི་རི་སྐེད་དུ་གནས་ཆགས་པའི་ཤར་རི་ཞེས་པའི་ཤང་གི་མི་ཚང་མ་རྒྱ་རིགས་དང་། ལྷོ་རྒྱུད་ཀྱི་རི་ཁྲོད་དང་ནགས་འདབས་ཀྱི་ཤང་རེ་གཉིས་ནང་རྒྱ་དང་བོད་གཉིས་འདྲེས་མར་སྡོད་པ་(རྒྱ་སྡེ་ཤིན་ཏུ་ཉུང་)ལས།  ཤང་མང་ཆེ་བའི་མངའ་ཁོངས་སུ་བོད་རིགས་ཀྱི་གྲོང་སྡེ་མང་ཞིང་། དུད་ཚོརེ་གཉིས་ལ་རྒྱ་དང་བོད་གཉིས་འདྲེས་མར་སྡོད་མོད། རྒྱའི་ཁྱིམ་ཚང་དང་མི་གྲངས་ཤིན་ཏུ་ཉུང་། རྒྱ་རིགས་མང་ཆེ་ཤོས་ནི་རྫོང་མཁར་དང་འབྲུག་དཀར་གཙང་པོའི་འགྲམ་ངོགས་ཀྱི་གཡས་གཡོན་བདེ་ཐང་དུ་གྲམ་ནས་གནས། (རྫོང་མཁར་དང་འབྲུག་དཀར་གཙང་པོའི་འགྲམ་གྱི་གཞུང་ལམ་ནས་མགོ་ཡར་བཀྱགས་ཏེ་ལྷོ་རིར་བལྟས་ན་ཧ་ལམ་བོད་སྡེ་གཅིག་ཀྱང་རིག་རྒྱུ་མེད་) དེ་ལྟར་རྫོང་ནང་གི་ཤང་མང་ཆེ་ཤོས་སུ་བོད་ཀྱི་དུད་ཚོ་དང་རྒྱའི་གྲོང་སྡེ་ནི་ཁ་ཁ་སོ་སོར་ཕྱེ་ནས་སྡོད་པ་ལས། གྲོང་སྡེ་གཅིག་ཏུ་སྤེལ་མར་གནས་པ་མེད་ལ། ཕན་ཚུན་གཉེན་སྒྲིག་པའི་གོམས་སྲོལ་སོགས་ཀྱང་གཏན་ནས་མེད། འདི་གའི་བོད་རིགས་ཀྱི་མི་གྲངས་ནི་རྒྱ་རིགས་ལས་ཉུང་སྟེ། རྫོང་ཡོངས་སུ་མི་གྲངས་ཁྲི་ཚོ་བཅུ་གསུམ་ལྷག་ཡོད་པའི་ནང་བོད་རིགས་ནི་ཧ་ལམ་ཁྲི་ཚོ་བཞི་ལྷག་ལས་མེད་པས། དེས་མི་འབོར་གྱི་བརྒྱ་ཆ་སོ་གཉིས་ཡས་མས་ཙམ་ལས་བཟུང་མེད་རུང་།  གནས་སའི་ཡུལ་འཁོར་གྱིས་རྫོང་ཡོངས་ཀྱི་སའི་རྒྱ་ཁྱོན་གྱི་གསུམ་ཆ་གཉིས་ཡན་བཟུང་ཡོད། དེ་ཡང་འབྲུག་ཆུའི་བོད་རིགས་དང་། གོང་གསལ་འབྲུག་ཆུ་རྫོང་དང་མཚམས་འབྲེལ་བའི་ཤར་ལྷོའི་ཆུ་མ་མཁར་རྫོང་གི་འཕེན་ཡག་དང་ཆུ་འཐག་མདོ་བོད་རིགས་ཤང་གཉིས་དང་། ཤར་བྱང་ལྡོང་ཁྲོམ་རྫོང་གི་དགའ་ངོ་ཁོག་དང་། གྲོང་གསར་ནང་། ཆུ་མ་ཐང་བཅས་བོད་རིགས་འདུས་སྡོད་ཀྱི་བོད་རིགས་ཤང་དང་། ནུབ་བྱང་གི་ཐེ་བོ་རྫོང་གི་སྨད་ཆའི་ཤང་འགའ་ཞིག་བཅས་ཀྱི་བོད་པ་རྣམས་ཀྱི་བོད་སྐད་ཕལ་ཆེར་འདྲ་ལ། ཡུལ་སྲོལ་ཡང་ཕལ་ཆེར་གཅིག་མཚུངས་ཡིན་པས། དེ་ལྟར་ན་འབྲུག་ཆུའི་བོད་རིགས་ལ་གོང་གསལ་གྱི་མི་གྲངས་དེ་ཙམ་གྱིས་མི་ཚད་པར་བསྡོམས་ན་མི་འབོར་མ་མཐར་ཡང་ཁྲི་ཕྲག་དྲུག་ནས་བདུན་བར་ཡོད་པར་སྙམ།   

གཉིས་པ། འབྲུག་ཆུའི་བོད་མིའི་སྡོད་ཁང་གི་གནས་ཚུལ།  

            སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་སྟེ་བོད་ཆོལ་ཁ་གསུམ་གྱི་བོད་ཁམས་ཡོངས་ལ་བལྟས་ན། སྦྲ་གུར་ནི་མཐོ་སྐང་གི་བོད་རིགས་འབྲོག་དམངས་ཀྱི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་སྟེ། ཁོ་ཚོའི་སྡོད་ས་གཙོ་བོ་དེ་ཡིན། ལོ་རྒྱུས་ཐོག་བོད་ཡུལ་གྱི་འབྲོག་དམངས་རྣམས་ཀྱིས་རུ་བ་སྤོ་བའི་འཚོ་བ་སྐྱེལ་གྱི་ཡོད་དེ། སྡོད་གནས་ཟམ་མི་འཆད་པར་སྤོ་ཞིང་སྡོད་གནས་ལ་ངེས་པ་མེད་པའི་དབང་གིས། རླུང་དང་གྲང་ངར་འགོག་སླད་ཁོ་ཚོས་སྟབས་བདེ་ལ་སྤོ་སླ་བའི་སྦྲ་གུར་གྱི་གནས་ཁང་འདི་ཉིད་གསར་སྐྲུན་བྱས་ནས་གང་དུ་ཕྱིན་ན་ཡང་སྦྲ་གུར་ཕྱི་བཞིན་དུ་ཁུར་ཞིང་འགྲོ་བས། སྦྲ་གུར་ནི་ཁོ་ཚོའི་ཁྱིམ་ཚང་འབའ་ཞིག་ཡིན། དེང་དུས་འབྲོག་པ་མང་པོ་ཞིག་གིས་གཞིས་བཅས་པའི་འཚོ་བར་རོལ་འགོ་ཚུགས་ཤིང་གཏན་འཇགས་ཀྱི་ཁང་པ་བསྐྲུན་ནའང་། སྦྲ་གུར་ནི་སྔར་བཞིན་ཁོ་ཚོའི་མེད་དུ་མི་རུང་བའི་འཚོ་བའི་མཁོ་ཆས་ཤིག་ཡིན། འོན་ཀྱང་འབྲུག་ཆུའི་བོད་རིགས་ནི་ས་བབ་ཀྱི་གནས་ཚུལ་དང་གནམ་གཤིས་སོགས་ཀྱི་དབང་གིས། གནའ་སྔ་མོ་ནས་བཟུང་རང་གི་ཐུན་མོང་མ་ཡིན་པའི་ཁང་པ་འཛུགས་སྐྲུན་བས་ནས་གནས་བཅའ་བཞིན་ཡོད་པ་ནི་འབྲུག་ཆུའི་བོད་ཀྱི་ཡུལ་སྐད་ཆེན་པོ་གསུམ་(རི་རྒྱབ་དང་རི་མདུན། རྫོང་མཁར་ཡར་རྒྱུད་ཅེས་པའི་བོད་ཡུལ་རྣམ་གསུམ་)སྨྲ་བའི་གནས་ཡུལ་གང་དུའང་དེ་ལྟར་ཡིན་པ་ལས་སྦྲ་གུར་ཕུབ་སྟེ་སྡོད་པའི་ལོ་རྒྱུས་བྱུང་མ་མྱོང་ལ་དེང་དུས་སུའང་མེད། ས་དོང་བརྐོས་ནས་སྡོད་པའམ་བྲག་ཁུང་ཕུག་སྟེ་སྡོད་པའི་གནས་ཚུལ་ནི་དེ་བས་ཀྱང་མེད། འོན་ཀྱང་རང་རང་སོ་སོའི་ཁྱིམ་ཚང་གི་འཁོས་འབྱོར་ལ་གཞིགས་ནས་བསྐྲུན་པའི་ཁང་པར་ཆེ་ཆུང་ལེགས་ཞན་དང་། རྒྱས་སྤྲོས་སྟབས་བདེ་སོགས་ཀྱི་ཁྱད་པར་ཡོད་པ་ནི་སྨོས་ཅི་དགོས། གཤམ་དུ་འདི་གའི་བོད་མིའི་སྡོད་ཁང་གི་བཟོ་སྐྲུན་གནས་ཚུལ་སྐོར་ངོ་སྤྲོད་རགས་ཙམ་བྱེད་པ་ལ།   

1.  ལྡིང་ཁང་སྟེ་ཁང་པ་ཐོག་གཅིག་མ།   

            ཁང་པ་ཐོག་གཅིག་མ་ནི། འཚོ་བའི་ཆ་རྐྱེན་ཅུང་ཞན་ཞིང་ཐོག་ཁང་བཟོ་མི་ཐུབ་པའི་ཁྱིམ་ཚང་གིས་སྟེང་དུ་ས་རྐྱང་བཏིང་སྟེ་བཀབ་པའི་ཁང་པ་ཁེར་ཐོག་མར་ཟེར།  ཁང་པ་དེའི་རིགས་ཀྱི་ཁང་པའི་གཡས་གཡོན་དང་རྒྱབ་བཅས་ལོགས་གསུམ་གྱི་རྟེན་གཞིར་རྡོ་ཡིས་རྨང་གཞི་བརྩིགས་ཤིང་། དེའི་སྟེང་དུ་ས་ཡིས་བརྡུངས་པའི་གྱང་(འབྲུག་སྐད་དུ་མཁར་ཟེར་)གིས་ཁང་པའི་མཐོ་ཚད་དང་མཉམ་དུ་བསྐོར་བར་བྱས་ལ། མདུན་ཕྱོགས་སུ་སྒོ་དང་སྒེའུ་ཁུང་སྒྲིག་སྦྱོར་དང་། ཁང་པའི་གདུང་མར་ལྕམ་ཤིང་འཕྲེད་དུ་ཐར་ཐོར་བྱས་ནས་བཞག་ཅིང་དེའི་སྟེང་དུ་ཤིང་གཤགས་སམ་ཤིང་ལེབ་རྙིང་པ་འདུ་རུབ་ཏུ་བཀབ་ནས་དེའི་སྟེང་དུ་བྲ་སོག་མཐུག་པོར་བརྡལ་ཏེ་ས་རྐྱང་སྙོམས་པོར་བཅག་བཅག་བྱས་ཤིང་། ཁ་ཆར་གྱི་ཆུ་གཡས་གཡོན་གང་དམའ་རུ་བཞུར་དུ་འཇུག ཁང་པའི་ཀླད་སྟེང་དུ་རྒྱུན་གཏན་གཡུལ་ག་གཅོག་པ་དང་འབྲུ་རིགས་སོགས་བརྡལ་ནས་ཉི་མར་སྐེམ་ས་བྱེད་ལ། མཐའ་བཞིར་འབུད་ཤིང་ངམ་གཟན་རྩྭ་སོགས་དངོས་པོ་གཞན་དག་གི་ཕུང་པོ་སྤུངས་ཡོད། ཁང་པ་དེ་རིགས་ཀྱི་སྒོ་དང་སྒེའུ་ཁུང་སྒྲིག་སྦྱོར་བྱེད་ཚུལ་དང་སྒོ་ཁའི་བར་ཤུར། ནང་ཁོག་གི་དབྱིབས་བཟོ་སོགས་ཕལ་ཆེར་ཁང་པ་གཞན་དག་དང་ཆ་འདྲ་བས་འོག་ཏུ་འཆད་རྒྱུ་ཡིན། འོན་ཀྱང་ཁང་པའི་ནང་གི་ས་ངོས་སུ་པང་གཅལ་སྒྲིག་པའི་ནུས་ཤུགས་མེད་པས་ས་དཀར་པོ་ཁོད་སྙོམས་པར་བྱས་ཏེ་བཟོ་བ་ཡིན།   

2. རྒྱ་ཕིབས་ལྡན་པའི་ཁང་པ་ཐོག་གཅིག་མ།   

            རྒྱ་ཕིབས་ལྡན་པའི་ཁང་པ་ཐོག་གཅིག་མ་ཞེས་པ་ནི། གོང་གསལ་གྱི་ཁང་པ་ཐོག་གཅིག་མ་དང་ཕལ་ཆེར་འདྲ་ལ་ཐོག་ཁང་དང་ཡང་འདྲ་སྟེ། སྟེང་དུ་རྒྱ་ཕིབས་སུ་རྫ་གཡམ་མམ་པང་ལེབ་སྲབ་མོ་(འབྲུག་སྐད་དུ་བགོས་ཟེར་)རྡོ་ཡིས་མནན་ཏེ་བཀབ་ཡོད་པས། ཕྱི་ནས་བལྟས་ན་ཐོག་ཁང་ལྟ་བུ་དང་། ནང་དུ་སོང་ན་ཁང་པ་ཐོག་གཅིག་མ་རང་ཡིན་ལ། ཁང་གྱང་རྡུང་ཚུལ་དང་བཟོ་དབྱིབས་ཀྱང་ཁེར་ཐོག་དང་འདྲ་ཞིང་། མཐོ་ཚད་ནི་ཁེར་ཐོག་ལས་ཅུང་མཐོ་བ་དང་། ཁང་པའི་ནང་གི་བར་སྟོང་ཅུང་ཆེ་ཞིང་གུ་ཡངས་པ། དེ་ཡང་ཐོག་ཁང་ལས་ཅུང་སྟབས་བདེའི་ཁང་པ་ཞིག་རེད། འོན་ཀྱང་ཕྱིའི་སྒོ་དང་སྒེའུ་ཁུང་སྒྲིག་སྦྱོར་བྱེད་ཚུལ་དང་། ནང་གི་དངོས་པོ་གཤོམ་ཚུལ་བཅས་ནི་ཁེར་ཐོག་དང་ཕལ་ཆེར་གཅིག་འདྲ་རེད། ཡུལ་འདིའི་བོད་མིས་རྒྱ་སྐད་ལྟར་“屋房”ཞེས་མིང་བཏགས་ཏེ་ཁང་པ་གཞན་དང་ཁྱད་པར་ཕྱེ།   དེ་ནི་ཐོག་ཁང་གི་དབྱིབས་དང་ཁེར་ཐོག་གི་ནུས་པ་ཡོད་པའི་རྐྱེན་གྱིས་ཡིན། སྔ་དུས་སུ་དེ་ལྟ་བུའི་ཁང་པ་མཐོང་རྒྱུ་མེད།   

3.  ཉིས་ཐོག་ཅན་གྱི་ཁང་པ།   

            འབྲུག་ཆུའི་བོད་ཡུལ་དུ་ཅུང་ཟད་ཚབ་མཚོན་དང་རྒྱུག་ཆེ་བའི་ཁང་པ་ནི་ཉིས་རྩེག་ཅན་གྱི་ཐོག་ཁང་དེ་ཡིན། ཉིས་རྩེག་ཅན་ལ་སྤྱོད་པའི་སྟེང་འོག་གི་གདུང་མ་འདེགས་བྱེད་ཀྱི་ཀ་བ་ཟླུམ་པོའམ་གྲུ་བཞི་མའི་རིང་ཚད་ལ་ཁྲེ་ཙེ་བཅོ་ལྔ་དང་། སྦོམ་ཚད་(སྒོར་མོའི་ཚངས་ཐིག)ལ་ཚུན་ལྔ་ནས་དྲུག་བར་ཡོད་པར། དེ་ལ་སྟེང་བདུན་འོག་བརྒྱད་ཅན་ཞེས་ཟེར་ཏེ། འོག་ཁང་གི་མཐོ་ཚད་ལ་ཁྲེ་ཙེ་བརྒྱད་དང་། སྟེང་མའི་མཐོ་ཚད་ལ་ཁྲེ་ཙེ་བདུན་ཏེ་བཅོ་ལྔ་ཡོད་པས་ཡིན། ཁང་པའི་དཀྱིལ་གྱི་ཀ་བ་ཆེས་རིང་པོ་གཉིས་ཀྱི་རིང་ཚད་ལ་ཁྲེ་ཙེ་བཅོ་བརྒྱད་དང་། དེའི་མདུན་རྒྱབ་ཀ་བ་གཉིས་ཀྱི་རིང་ཚད་ལ་ཁྲེ་ཙེ་བཅུ་དྲུག་དང་གྲངས་ཆུང་ལྔ། དེའི་སྟེང་དུ་མདུན་རྒྱབ་ཆེས་མཐའི་ཀ་བ་ཁྲེ་ཙེ་བཅོ་ལྔ་ཅན་དེ་གཉིས་བསྣན་པས་ལོགས་རེའི་རྩིག་པའི་ཁྲོད་དུ་བཏུམས་པའི་ཀ་བ་རིང་ཐུང་མི་མཉམ་པ་བདུན་པོ་སྟེ་སྟེང་ནས་ཐུར་དང་མདུན་ནས་རྒྱབ་ཏུ་རྒྱ་ཡིག་“人”དབྱིབས་སུ་གྱུར།  ཁང་མིག་རེའི་སྟེང་འོག་གདུང་མ་གཉིས་པོ་ཤིན་ཏུ་སྦོམ་པོ་སྟེ། ཤིང་མགོའི་སྒོར་མོའི་ཚངས་ཐིག་ལ་ཧ་ལམ་ཚུན་བདུན་བརྒྱད་ནས་ཁྲེ་ཙེ་གང་གི་བར་ཡོད། (འབྲུག་སྐད་དུ་ཁང་སྟེང་གི་གདུང་མར་གནམ་ཕོ་དང་ཁང་འོག་གི་གདུང་མར་འོག་ཕོ་ཟེར་བ་ལས་བོད་སྤྱི་སྐད་ལྟར་གདུང་མ་ཞེས་ཟེར་བ་མིན་)  ཁང་མིག་གི་རིང་ཚད་ལ་ཕལ་ཆེར་ཁྲེ་ཙེ་བཅོ་ལྔ་དང་། སྒོ་ཕྱིའི་བར་ཤུར་གྱི་ཞེང་ཚད་ལ་ཧ་ལམ་ཁྲེ་ཙེ་གསུམ་ཙམ་སྟེ། ཕྱི་ནང་གི་རིང་ཚད་ལ་བསྡོམས་པས་ཁྲེ་ཙེ་བཅོ་བརྒྱད་ཙམ་དང་། ཁང་མིག་གི་ཞེང་ཚད་ལ་ཁྲེ་ཙེ་བདུན་ལྷག་ནས་ཁྲེ་ཙེ་བརྒྱད་ཀྱི་བར་མི་མཉམ། འབྲུག་ཆུའི་བོད་རིགས་ནི་སྒོ་ར་ཁེར་རྐྱང་དུ་གནས་པར་དགའ་ཞིང་། ཕལ་ཆེར་ཁྱིམ་ཚང་རེས་ཁང་མིག་ལྔ་ཅན་གྱི་ཐོག་ཁང་བཟོ་བར་མོས་པ་དང་། ཁང་མིག་གསུམ་མམ་བཞི་ཅན་བཟོས་པའང་ཡོད་པ་ནི་སྨོས་མི་དགོས། དེ་ནི་གཙོ་བོ་ཁྱིམ་ཚང་གི་འབྱོར་པའི་ཆ་རྐྱེན་དང་ཁང་བཟོའི་ས་རྒྱ་ཆེ་ཆུང་ལ་རག་ལས་ཡོད། དེ་ཡང་ཁང་པ་ཕལ་ཆེར་ཁ་ཤར་ལ་གཏད་ཅིང་།  སྤྱིར་ཆབ་སྒོ་དང་རྒྱ་སྒོ་མདུན་ཕྱོགས་རྒྱང་ཐག་རིང་ལ་མིག་ལམ་དུ་ཤར་བའི་བྲག་རི་དང་རི་རྩེར་ཁ་ཕྱོགས་པ། ཐོག་ཁང་གི་རྒྱབ་གྱང་རྨང་གཞི་ནས་སྟེང་ཤོད་ཀྱི་འབྲེལ་མཐུད་སར་རྡོས་བརྩིགས་པའི་རྡོ་རྩིག་དང་། དེར་མཐུད་དེ་ཡན་ཆད་ས་ཡིས་བརྡུངས་པའི་ས་གྱང་ཁང་རྩེར་སླེབས།  ཁང་འོག་གི་གཡས་གཡོན་ལོགས་གཉིས་ཀྱི་ས་གྱང་གི་འོག་ཏུ་རྡོ་ཡི་རྨང་གཞི་ཁྲེ་ཙེ་གཉིས་ཙམ་བརྩིགས། དེའི་སྟེང་ནས་མཐུད་དེ་གྱང་བརྡུངས་ཏེ་ཁང་ཤོད་ནས་སྟེང་གི་རྩེར་སླེབས་པ། དེ་ལས་འབྲུག་ཆུའི་རྫོང་མཁར་ཡར་རྒྱུད་ཀྱི་བོད་སྡེ་ཁ་ཤས་ཀྱི་ཐོག་ཁང་གཡས་གཡོན་ལོགས་གཉིས་དང་རྒྱབ་ཕྱོགས་གསུམ་གྱི་རྩིག་པ་སྟེ་ཁང་འོག་གི་རྨང་གཞི་ནས་སྟེང་གི་རྩེར་སླེབས་ཚད་ཚང་མ་རྡོ་ཆུང་གིས་བརྩིགས་པའི་རྡོ་རྩིག་ཡིན་ཞིང་ཤིན་ཏུ་སྲ་བར་འདུག་སྟེ། ཕྱི་ནས་བལྟས་ན་གྲལ་སྒྲིག་གཅིག་ཏུ་གྱུར་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ནོ། དེ་ཡང་ཐོག་ཁང་གི་མདུན་ཕྱོགས་ཏེ་སྟེང་འོག་ཏུ་ཆབ་སྒོ་རེ་དང་སྒེའུ་ཁུང་གསུམ་བཞི་རེ་བཏོན་ནས་མཇེས་པར་བྱེད་ལ། (ཕལ་ཆེར་ཁང་མིག་རེར་སྒེའུ་ཁུང་རེ་གཏོད་སྲོལ་ཡོད་)དེང་དུས་ཁང་ཐོག་ཏུ་ཤེལ་ཁྲ་སྒྲིག་སྦྱོར་བྱེད་མཁན་ཡང་མང་། ཁྱིམ་གྱི་རྒྱབ་ཕྱོགས་ཏེ་ཁང་འོག་གི་རྡོ་རྩིག་དང་སྟེང་གི་ས་གྱང་གི་ངོས་ཚང་མ་ས་སེར་གྱིས་བརྫིས་པའི་འདམ་བག་བྱུགས་ནས་ཤིན་ཏུ་སྙོམས་ཤིང་འཇམ་ཤ་དོད་པོར་གྱུར་པས། གྱང་ངོས་སུ་བསྐྱར་དུ་དཀར་རྩི་གཏོང་མི་དགོས།  ཆར་ཆུ་བཞུར་སླ་ཕྱིར་ཁང་པའི་རྩེ་ཐོག་གཟར་ཐུར་གྱི་རྣམ་པར་བྱེད། ཁང་པའི་གདུང་མ་དང་། ཀ་བ། ལྕམ་ཤིང་། ལྕམ་སྣེ་བརྟེན་སའི་གདུང་མ་(འབྲུག་སྐད་དུ་ཤིང་མགོ་སྦྲེལ་བྱེད་ཟེར་) ལ་སོགས་པ་དེ་དག་གི་སྣེ་གཉིས་སྦྲེལ་སར་མཐུད་ཁ་བཟོས་ཤིང་འཕྲོད་པར་སྦྱར་བས་ལྕགས་གཟེར་མ་བཏབ་ནའང་ཤིན་ཏུ་སྲ་བར་གྱུར། 《སུང་ཡིག་ལས་བྱུང་བའི་བོད་ཆེན་པོའི་སྲིད་ལུགས་》སུ་བོད་ཆེན་པོའི་ཡུལ་སྲོལ་གོམས་གཤིས་སྐོར་གླེང་སྐབས། “......ཤིང་ལེབ་ཀྱིས་བཟོས་པའི་ཁང་པར་སྡོད།......”ཅེས་བྱུང་བ་དེས་བོད་ལྗོངས་ཀྱི་ཤར་ལྷོའི་ནགས་ཚལ་ཆེན་པོ་ཡོད་སའི་བོད་ཀྱི་ཁང་པ་བཟོ་ཚུལ་བསྟན་པ་ཕུད། དེ་ནི་གཙོ་བོ་འབྲུག་ཆུ་འབབ་རྒྱུད་ཀྱི་ཆུ་མ་མཁར་རྫོང་དང་། འབྲུག་ཆུ་རྫོང་། ཐེ་བོ་རྫོང་གི་བོད་རིགས་ཀྱི་ཁང་པའི་རྩེ་ཐོག་ཏུ་ཤིང་ལེབ་སྲབ་མོ་(འབྲུག་སྐད་དུ་བགོས་ཟེར་)སྟེ་རིང་ཚད་ལ་ཁྲེ་ཙེ་བཞི་ནས་ལྔའི་བར་དང་ཞེང་ཚད་ལ་ཚུན་བཞི་ཡས་མས་ཙམ་བྱས་པ་ཚགས་དམ་པོར་བཀབ་ཅིང་སྟེང་དུ་རྡོ་ཡིས་མནན་པ་དང་། ཁང་པ་སྟེང་འོག་གི་གནམ་གཅལ་ཡང་པང་ལེབ་བཀབ་པ་དང་། ཁང་པའི་མདུན་ཕྱོགས་སྟེང་འོག་གི་ཆབ་སྒོ་དང་སྒེའུ་ཁུང་ཐམས་ཅད་ཤིང་ལེབ་ཀྱིས་མཇེས་པར་བརྒྱན་པའི་ཚུལ་སྨྲས་པར་བསམས། ཁང་པའི་ཀླད་ཁེབས་ནི་དྲབ་ཤིང་ཆ་སྒྲིག་པའི་སྟེང་དུ་པང་ལེབ་སྲབ་མོ་བཀབ་ཅིང་པང་ལེབ་དེ་རྡོ་ལེབ་(གཡའ་མ་སྔོན་པོ་)ཀྱིས་རིམ་པ་ལྟར་མནན་པས་ཆར་རླུང་འགོག་སྲུང་ཐུབ་པའི་ནུས་པ་ལྡན་པ་དང་། ཁང་པ་དེ་རིགས་ལ་བགོས་ཁང་ངམ་གཤག་ཁེབས་ཅན་ཟེར།  བགོས་ཁང་གི་ཞོལ་སྟོང་པ་ཡིན་པས་ནང་དུ་གཟན་ཆས་དང་རྒྱུན་བཀོལ་མ་ཡིན་པའི་དངོས་པོ་འཇོག བགོས་ཁང་ནི་དུས་རྒྱུན་བསིལ་སྐམ་ཡིན་པས་སྤྱོད་ཡུན་ཧ་ཅང་རིང་བའི་ཁྱད་ཆོས་ཡོད། པང་ལེབ་ནི་སོག་ལེས་བཤགས་པ་མིན་པར་གསོམ་ཤིང་དྲང་ཞིང་འཛེར་བ་མེད་པ་སྟ་རེས་སམ་གྲི་ཆེན་གྱིས་ཁ་གསིལ་བ་རྐྱང་རྐྱང་ཡིན། སྔོན་ཆད་ཁང་རྩེར་རྫ་གཡམ་འགེབས་མཁན་གྱི་ཁྱིམ་ཚང་ཡོད་མོད། སྡེ་པ་གཅིག་ཏུ་ཕྱུག་པོ་འགའ་ཞིག་ལས་མེད། དེང་དུས་འདི་གའི་བོད་དམངས་ཀྱང་ཡུལ་གཞན་དང་འདྲ་བར་འཚོ་བའི་ཆུ་ཚད་མཐོ་རུ་སོང་བས། ཧ་ལམ་བོད་སྡེ་སོ་སོས་རྫ་གཡམ་ཐོག་ཅན་གྱི་ཁང་པ་(འབྲུག་སྐད་དུ་རྒྱ་སྐད་ལྟར་ལྦ་ཁང་ཞེས་ཟེར་)གསར་སྐྲུན་བྱེད་ཅིང་། དེ་ལས་ལྡོག་སྟེ་ཤིང་ལེབ་ཐོག་ཅན་གྱི་ཁང་པ་ནི་ནགས་དང་ཉེ་སར་གནས་པའི་བོད་སྡེ་འགའ་ཞིག་ཏུ་མ་གཏོགས་ཧ་ལམ་མཐོང་མི་ཐུབ། དེས་ནི་ཕྱོགས་གཅིག་ནས་འདི་གའི་བོད་དམངས་ཀྱི་འཚོ་རྟེན་ལེགས་བཅོས་སོང་བ་མཚོན་པ་དང་། ཕྱོགས་གཞན་ནས་ཉེ་བའི་ལོ་བཅུ་ཕྲག་འགའ་ཤས་རིང་ལ་འདི་གའི་བོད་ཡུལ་དུ་ཡང་ས་ཆ་གཞན་དང་འདྲ་བར་ནགས་ཚལ་གཏོར་བརླག་ཚབས་ཆེ་སོང་བས། སྡེ་པ་ལ་ལར་འབུད་ཤིང་གི་ཆ་མ་བཏུས་ནས་ཟ་མ་བཟོ་རྒྱུའང་ཁག་པོ་ཡོད་ན། ཁང་གསར་བཟོ་སྐབས་ཐོག་རྩེ་པང་ལེབ་ཀྱིས་འགེབས་རྒྱུ་ག་ལ་རྙེད། འབྲུག་ཆུའི་བོད་པའི་ཁང་པའི་ཡང་སྟེང་དུ་བཀབ་པའི་པང་ལེབ་ཅེས་པ་ནི། པང་ལེབ་ཕལ་པ་ཞིག་གཏན་ནས་མིན་ཏེ། ནགས་ཚལ་རྒྱ་མཚོ་མཐའ་ཡས་ལས་ལེགས་པར་བདམས་པའི་གསོམ་ཤིང་སྟུག་པོའི་ཁྲོད་ནས་ཆེས་དྲང་ཞིང་། ཆེས་སྦོམ་ལ་ཤིང་འཛེར་གཅིག་ཀྱང་མེད་པ། (ཤིང་ལེབ་ཀྱི་རིང་ཚད་ལ་ཧ་ལམ་ཁྲེ་ཙེ་བཞི་ལྷག་ཡོད་)དེ་འདྲ་དུམ་བུ་དུམ་བུར་བྲེགས་ཤིང་། གྲི་ཆེན་ཁ་རྣོ་བ་ལན་གཅིག་བཏབ་པས་ཐོགས་ཐུག་མེད་པར་ཤིང་ལེབ་སྲབ་མོར་གཤག་ཐུབ་པའི་གསོམ་ཤིང་བཟང་ཤོས་དགོས་པ་ཡིན། དེའི་རྒྱུ་མཚན་ནི་གསོམ་ཤིང་དེ་འདྲ་གྲི་ཆེན་གྱིས་ལན་གཅིག་བཏབ་ཅིང་ཤར་ཤར་དུ་བཤགས་རྗེས། བསྐྱར་དུ་སྟ་རེ་སོགས་ལག་ཆས་སྙོམས་པར་གཞོག་མི་ཉན་ཏེ། དེའི་ངོས་སུ་རང་བྱུང་གི་ཆུ་ལམ་ཡོད་པས་ཆར་པ་འབབ་དུས་ཆར་ཆུ་ཆུ་ལམ་དེད་ནས་ཐུར་དུ་བཞུར་བདེ་བས་ཡིན། དེང་དུས་གསོམ་ཤིང་དེ་ལྟ་བུ་བཙལ་ནས་ཤིང་ལེབ་སྲབ་མོར་གཤག་རྒྱུ་ག་ལ་རྙེད། འབྲུག་ཆུའི་བོད་སྐད་དུ་ཤིང་ལེབ་སྲབ་མོ་དེ་ལ་བགོས་ཞེས་ཟེར། དེང་སང་འབྲུག་ཆུ་རྫོང་གི་རི་རྒྱབ་བ་བའི་ནགས་རྒྱུད་དུ་ད་དུང་ཤིང་ལེབ་སྲབ་མོ་བཀབ་པའི་ཁང་པ་ཉུང་ཤས་མཐོང་ཐུབ་པ་ལས། རི་མདུན་བྱ་བའི་བོད་སྡེ་གཅིག་ཏུ་ཁྱིམ་ཚང་རེ་གཉིས་ཀྱི་ཁང་པར་ཤིང་ལེབ་སྲབ་མོ་བཀབ་པ་མཐོང་གྱུར་ན། སྔར་གྱི་རྫ་གཡམ་གྱིས་བཀབ་པའི་ཁང་པ་ལས་ཀྱང་དཀོན་པ་དང་ཡ་མཚན་དུ་བརྩི་བཞིན་ཡོད། དོན་དམ་དུ་དེའང་ཁང་པ་རྙིང་པ་ལས་གསར་དུ་བསྐྲུན་པ་ནི་མིན། དེའང་ཁང་མིག་ལྔ་ཅན་གྱི་ཐོག་ཁང་གི་ཤོད་དུ་ཕལ་ཆེར་གོང་དབུས་ཀྱི་མ་ཁྱིམ་ཁང་མིག་གསུམ་ནི་ཚོམས་ཆེན་དུ་བྱེད་ཅིང་། གཡས་གཡོན་ལོགས་གཉིས་ཀྱི་ཁང་མིག་གཅིག་ཚ་ཐབ་དང་གཅིག་ཚ་ཐབ་ལས་མི་སྡོད་པའམ་ལག་སྣོད་དང་ཆང་རྫ་མ་སོགས་འཇོག་ས་བྱེད། ཁང་སྒོ་ཕལ་ཆེར་ཁང་མིག་གཉིས་པའམ་དཀྱིལ་གྱི་གསུམ་པར་གཏོད། འབྲུག་ཆུའི་བོད་ཀྱི་ཐོག་ཁང་གི་སྟེང་འོག་ཚོམས་ཆེན་གྱི་ཆ་བ་སྒོར་སྒོ་འཕར་ཆ་ལྡན་འདོགས་སྲོལ་མེད། དེང་དུས་མཐའ་སྐོར་གྱི་རྒྱ་རིགས་ཀྱི་ལུགས་ལ་ལད་མོ་བྱས་ནས་ཁང་ཐོག་གི་སྒོ་འཕར་གཉིས་ལྡན་ཡང་རེ་གཉིས་མིག་ལམ་དུ་མཐོང་ཐུབ་ཀྱང་དེ་ནི་བོད་ལུགས་མིན། དེ་ཡང་འབྲུག་ཆུའི་ས་ཆ་དྲོ་བའི་དབང་གིས་དགུན་ཁ་ཡིན་ནའང་ཉིན་མོ་ཁྱིམ་དུ་མི་ཡོད་ཚེ་སྒོ་བརྒྱབ་ནས་ནང་དུ་འདུག་མི་རུང་། གལ་ཏེ་སུ་ཚང་གིས་སྒོ་བརྒྱབ་ནས་བསྡད་ན་གཞན་གྱིས་འཕྱ་དགོད་བྱེད་སྲོལ་འདུག དེ་ལས་འབྲུག་ཆུའི་བོད་རིགས་ཁུལ་དུ་ཉིན་མོ་ཁྱིམ་དུ་མི་ཡོད་ཚེ་རང་དགར་སྒོ་བརྒྱབ་ནས་སྡོད་པའི་སྲོལ་མེད་ལུགས་ཤེས་ཐུབ།  

            ཁང་ནང་གི་གནས་ཚུལ་ཏེ། ཕལ་ཆེར་མ་ཁྱིམ་གྱི་གཡས་ཟུར་ཏེ་ཁང་མིག་བཞི་པར་མེ་ཐབ་བམ་ལྕགས་སྒྱེད་འཛུགས།ཁང་མིག་འདིའི་དཀྱིལ་དུ་མེ་གཞོང་ཟབ་ཚད་ཁྲེ་ཙེ་གང་མ་སླེབས་ཙམ་དང་དབྱིབས་ཟུར་བཞི་མ་ཞིག་བརྐོས་པ་དེའི་དབུས་སུ་ལྕགས་སྒྱེད་རྐང་གསུམ་མ་ཞིག་བཙུགས་ནས་གཡོས་སྦྱོར་བྱེད། དེའི་མཐའ་འཁོར་དུ་མེ་མདག་ཕྱིར་འཐེན་བཞིན་བཟའ་མི་རྣམས་སྡོད་པ་ཡིན། དེའི་ནང་ཕྱོགས་སུ་ཐབ་ལྷ་དང་། ཡ་རྒྱུད་དུ་ཨ་ཕའམ་རྒན་རབས་འདུག་ས་(གཡོན་ཕྱོགས་ཐབ་ལྷར་བཅར་བ་)དང་གཡས་ཕྱོགས་སུ་ཕོ་རྗེས་རབས་དང་མགྲོན་པོ་རྒན་གཞོན་རིམ་པ་ལྟར་འདུག་ས་དང་། དེ་དང་ཁ་གཏད་དེ་མ་རྒྱུད་དུ་ཨ་མའམ་མོ་རྒན་རབས་དང་མགྲོན་པོ་རྒན་གཞོན་རིམ་པ་ལྟར་འདུག་ས་(གཡས་ཕྱོགས་ཐབ་ལྟར་བཅར་བ་)རེད།   

            ཨ་ཕ་འདུག་སའི་གཡོན་དང་ཨ་མ་འདུག་སའི་གཡས་ཏེ་ནང་རོལ་དུ་དཀྱིལ་གདུང་འདེགས་བྱེད་ཀྱི་ཀ་བ་སྦོམ་པོ་ཞིག་བཙུགས་ཡོད་པ་དེའི་མཐའ་འཁོར་ནས་ཤིང་སྒམ་ཞིག་འཇོག་པ་དང་། དེའི་གཡས་གཡོན་ལོགས་གཉིས་ཀྱི་ནང་དུ་དཀར་ཡོལ་དང་། ཐུར་མ། ཐོམ་བུ། གཟར་བུ་སོགས་འཇོག ཤིང་སྒམ་(འབྲུག་སྐད་དུ་ཆང་སྟེགས་ཟེར་ཏེ་གཡས་གཡོན་གྱི་བདག་པོ་བདག་མོའི་ཆང་དཀར་འཇོག་ས་ཡིན་)གྱི་མདུན་ཏེ་མེ་གཞོང་གི་ནང་ཕྱོགས་སུ་རྡོ་སྲིད་དུ་རིང་ཞིང་ཆུང་བ་ཚུན་ལྔ་དྲུག་ཙམ་གཅིག་གི་ལུས་པོ་མང་ཆེ་བ་སར་སྦས་ཤིང་ཉུང་ཤས་ཙམ་ཁར་བཏོན་ཏེ་ཐབ་ལྷ་མཆོད་པའི་ཚུལ་བྱེད། འབྲུག་ཆུའི་བོད་ཀྱིས་ཐབ་ལྷར་བླ་ན་མེད་པའི་བརྩི་བཀུར་ཞུ་ཞིང་སྐྲག་པར་ཡང་བྱེད་དེ།(འབྲུག་སྐད་དུ་ཨ་མྱེས་གཞི་བདག་ཅེས་ཟེར་) མེ་གཞོང་ནང་དུ་མེ་ལྷ་ཡོད་པར་སྙམ་ནས་དེ་ལ་ཕོག་ཐུག་ཡེ་ནས་གཏོང་མི་རུང་བར་སེམས། དེ་འདྲ་མ་བྱས་ན་ཁྱིམ་མི་ལ་ཉེས་སྐྱོན་འབྱུང་ངེས་པས། མེ་གཞོང་འགོམ་པར་ནན་འགོག་དང་། མེ་གཞོང་ནང་དུ་ཁ་ལུད་དང་སྣབས་འཕེན་སོགས་མི་བྱེད་ལ། རུས་པ་དང་པགས་པ། སྐྲ་སྤུ་སོགས་དྲི་ངན་ལྡན་རིགས་སྲེག་པར་ཤིན་ཏུ་འཛེམ། གལ་སྲིད་འཛེམ་བྱ་དེ་དག་དང་འགལ་ན་དགོང་མོ་རྨི་ལམ་འཇིགས་སུ་རུང་བ་རྨི་བའམ། ཡང་ན་ཁྱིས་བདས་ཤིང་སོ་འདེབས་པའི་རྨི་ལམ་ཡ་ང་བ་རྨི་བ་ཡིན་ཞེས་པའི་བཤད་སྲོལ་ཡོད། དེའི་ཕྱིར།  མེ་གཞོང་གི་ནང་ངམ་ཉེ་འཁོར་དུ་རྟག་ཏུ་གཙང་སྦྲ་ལེགས་པར་སྲུང་དགོས་ལ། དངོས་པོ་བཙོག་པ་དག་མེ་གཞོང་གི་འགྲམ་དུ་འཇོག་མི་ཉན་པ་དང་། དེའི་མཐའ་འཁོར་དུ་འདུག་ཚེ་རྐང་པ་རིང་པོར་བརྐྱངས་ནས་ཐབ་སྟེང་དུ་འཇོག་མི་རུང་། གཙང་སྦྲ་བྱེད་སྐབས་སྙིགས་རོ་མེ་གཞོང་དུ་འཕངས་ཤིང་བསྲེགས་ནས་དྲི་ངན་འཐུལ་བ་སོགས་བྱེད་མི་ཉན་ལ། ཕག་ཤ་དང་ལུག་ཤ་སོགས་ཐད་ཀར་མེར་བསྲེགས་ནས་ཟ་བ་ལའང་འཛེམ། ཁྱིམ་མི་ཕྱི་རོལ་དུ་མ་འགྲོའི་གོང་ལ་ཐབ་ལྷའི་མདུན་དུ་མཆོད་མེ་དང་བདུག་སྤོས་སྒྲོན་ཞིང་པུས་མོའི་ལྷ་ང་ས་ལ་བཙུགས་ནས་ཕྱག་འཚལ་བཞིན་བྱིན་རླབས་ཞུས་རྗེས་གཞི་ནས་ལམ་དུ་ཆས། གལ་ཏེ་ཕྱི་རོལ་དུ་མེ་སྤོར་དགོས་པ་བྱུང་སོང་ན་དེ་ལས་གྱེས་དུས་མེ་ས་གཙང་མས་གནོན་པའམ་ཆུ་གཙང་མ་སྟོར་ནས་མེད་པར་བཟོ་དགོས་པ་ལས་གཅིན་བཏང་ནས་གསོད་པ་སོགས་གཏན་ནས་བྱེད་མི་ཉན་ཞིང་། མེ་ཕུང་གི་མཐའ་འཁོར་དུ་གཅིན་སྐྱག་སོགས་གཏོང་མི་རུང་བའི་འཛེམ་བྱ་ཡོད། གལ་སྲིད་འཛེམ་བྱ་དེ་དག་ལས་འགལ་ན་མེ་ལྷ་ཁྲོས་ནས་ཕོ་མོའི་མཚན་མར་རྨ་སྐྱེས་ནད་མནར་དང་ཨོང་དོར་གཉན་འབུར་གྱི་ནད་སོགས་ཕོག་གི་ཡོད་པའི་བཤད་སྲོལ་ཡོད་ལ། ཨ་ཕ་དང་ཨ་མ་སོགས་མི་རྒན་པས་རྒྱུན་པར་བྱིས་པ་རྣམས་ལ་མེ་ཡོད་ཕྱིན་མེ་ལྷ་ཡོད་པ་དང་ཆུ་ཡོད་ཕྱིན་ཆུ་ལྷ་ཡོད་པར་བརྗོད་ནས་མེ་དང་ཆུ་ཡོད་སར་བཙོག་པ་བྱེད་མི་ཉན་པའི་ཁ་ཏ་བསླབ་བྱ་གཏོང་སྲོལ་ཡོད། མེ་གཞོང་དང་ཁ་གཏད་དེ་སྟེང་(ཁང་ཤོད་ཀྱི་གནམ་གཅལ་)དུ་མཐའ་བཞིའི་རིང་ཚད་ལ་ཁྲེ་ཙེ་གསུམ་ཙམ་ལྡན་པའི་གྲུ་བཞི་ཁ་གང་མའི་བར་སྟོང་ཞིག་ཕུག་ཡོད་ཅིང་། བར་སྟོང་གི་ཟུར་བཞིར་ཀ་བ་ཕྲ་མོ་བཞི་བཙུགས་ཤིང་། ངོས་བཞིར་སྨྱུག་མ་བསླས་ནས་འདམ་བག་སྙོམས་པར་བྱུགས་པས། རྒྱ་དཔངས་གྲུ་བཞི་མའི་དུ་ཁུང་མཐོ་ཚད་ཁྲེ་ཙེ་དྲུག་ཙམ་དེ་བྱུང་བ་ཡིན། (འབྲུག་སྐད་དུ་མཁར་བསྐོར་ཟེར་)དེ་ནི་ཁང་ཤོད་དུ་མེ་སྦར་ནས་ལངས་པའི་དུ་བ་དུ་ཁུང་ནས་གྱེན་ལ་འཐུལ་སྐབས་ཁང་སྟེང་གི་བར་སྟོང་ཡོངས་རྫོགས་བདུག་སྟེ་ཤིང་ཆ་མུག་ཟ་བྱེད་པ་འགོག་ཕྱིར་ཡིན། འབྲུག་ཆུའི་བོད་རིགས་ཕལ་ཆེར་ཁང་ཤོད་དུ་སྡོད་ཅིང་སྟེང་དུ་གཙོ་བོ་སྒོ་ཕྱུགས་གསོ་བྱེད་གྲོ་སོག་དང་གཟན་ཆག་གཞན་གསོག་ས་བྱེད། དེང་དུས་མེ་གཞོང་དང་ལྕགས་སྒྱེད་རྐང་གསུམ་མ་དེ་ལྟ་བུ་རི་རྒྱབ་བྱ་བའི་ནགས་རྒྱུད་ཀྱི་ཡུལ་ཁམས་སུ་མ་གཏོགས། རི་མདུན་བྱ་བའི་ཤིང་ཚལ་ཉུང་སར་ཤིན་ཏུ་ཉུང་། དེ་ནི་ཕྱོགས་གཅིག་ནས་མེ་གཞོང་དེ་ལྟ་བུར་བཙུགས་པའི་ལྕགས་སྒྱེད་རྐང་གསུམ་གྱི་ཐབ་ཁོག་ཆེ་བས་བུད་ཤིང་མང་ཙམ་བརྫང་དགོས་ལ། ཕྱོགས་གཞན་ཞིག་ནས་མེ་གཞོང་དེ་ལྟ་བུར་ལྕགས་སྒྱེད་དེ་ལྟ་བུ་བཙུགས་པས་ན། བལྟོས་བཅས་ཀྱིས་ཁྱིམ་གྱི་མི་གྲངས་ལྟར་ཉལ་ཁྲིའང་འགའ་ཞིག་འཛུགས་དགོས་ལ། ད་དུང་དེའི་ཁོག་ཏུ་མེ་མདག་བླུགས་ཏེ་ཉལ་ཁྲི་བསྲོ་དགོས། དེར་བུད་ཤིང་མང་ཙམ་དགོས་ལ་དཀའ་ཚེགས་ཀྱང་ཤིན་ཏུ་ཆེ་བས། མིག་སྔར་ཁྱིམ་ཚང་མང་ཆེ་བས་ཐབ་ཀ་དེ་རིགས་ཚ་ཐབ་དང་ཐབ་ཀ་སྦྲགས་མའི་རྣམ་པར་སྒྱུར་བཅོས་བྱས། དེ་ནི་གཡོས་སྦྱོར་གྱི་ནུས་པ་ཡོད་པ་མ་ཟད་ཉལ་སའང་རང་བཞིན་གྱིས་དྲོ་བ་ཞིག་ཡིན། ཕལ་ཆེར་ཚ་ཐབ་སྟེང་དུ་སྨྱུག་གདན་དང་དེའི་སྟེང་དུ་བལ་སྟན་བཏིང་། ཆ་རྐྱེན་ཞན་ཚེ་སྨྱུག་གདན་གྱིས་ས་རྡུལ་འགོག་པ་དང་བལ་སྟན་གྱི་ཚབ་བྱེད་ཆོག ཐབ་ཀའི་མདུན་དུ་དབྱིབས་གྲུ་བཞི་མའི་འདུག་ས་ཞིག་ཡོད་པ་དེར་ཕལ་ཆེར་མི་མགོ་བདུན་བརྒྱད་སྡོད་ཆོག   ཨ་ཕའམ་རྒན་རབས་ཕོ་རྒྱུད་རྣམས་ཤར་གྱི་གྱང་ལ་རྒྱབ་བརྟེན་ནས་འདུག་པ་དང་། ཨ་མའམ་རྒན་རབས་མོ་རྒྱུད་རྣམས་ཨ་ཕར་ཁ་གཏད་དེ་ཐབ་རྩིག་ལ་བརྟེན་ནས་འདུག  ཁོང་གཉིས་ཀྱི་བར་དུ་བུ་བུ་མོ་དང་མགྲོན་པོ་རྣམས་འདུག་ཚུལ་གོང་གསལ་བཞིན་དང་། ཨ་ཕ་འདུག་སའི་སྟེང་སྟེ་རྒྱབ་གྱང་གི་དབུས་སུ་ཁུང་བུ་ཞིག་ཕུག་ཡོད་པའི་ནང་དུ་སྲིད་དུ་རིང་བའི་རྡོ་ཆུང་ཞིག་བཙུགས་ཏེ་ཐབ་ལྷར་བཀུར་བསྟི་དང་མཆོད་དད་བྱེད། ཁང་མིག་གསུམ་ཅན་ཡིན་ནའང་འདྲ། བཞིའམ་ལྔ་ཅན་ཡིན་ནའང་འདྲ། འབྲུག་ཆུའི་བོད་དུ་སྡོད་གནས་དང་གསོལ་ཐབ་གཅིག་ལྕོགས་ཡིན་པས། གཡོས་མལ་གཅིག་ལྕོགས་ཀྱི་ཐབ་ཀར་གཡོས་སྦྱོར་བྱེད་ན། ཟ་མ་ཅི་ཟོས་ནའང་ཐབ་ཀའི་མཐའ་སྐོར་དུ་འདུག་པའི་མི་ཚང་མའི་མིག་ལམ་དུ་གསལ་པོར་མཐོང་ཐུབ།  ཁང་སྟེང་ལྕམ་ཤིང་གི་ཐོག་ཏུ་ཤིང་གཤགས་མ་བཀབ་པའི་སྟེང་དུ་བྲ་སོག་བརྡལ་ནས་ས་སེར་པོ་སྲབ་མོ་སྙོམས་པར་གཏིང་བ་དང་། ཕལ་ཆེར་སྒོ་ཕྱུགས་གསོ་བྱེད་ཀྱི་སོག་མ་དང་སྦུན་མ་འཇོག་ས་བྱེད། འོན་ཀྱང་དེང་དུས་བོད་མི་རིགས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་བས། ཁང་སྟེང་གི་པང་ལེབ་འགེབས་བྱེད་ཀྱི་ལྕམ་ཤིང་ཅུང་སྦོམ་ཞིང་ཚང་མ་གཅིག་འདྲར་གཞོག་ཅིང་བཀྲམ་ནས་(ཁང་པ་ཞབས་མ་ནས་བལྟས་ན་ཤིན་ཏུ་མཛེས་པར་འདུག་) སྟེང་དུ་པང་ལེབ་འགེབས་པ་མ་ཟད། ཁང་སྟེང་གི་གདུང་མ་དང་མཉམ་པར་བྱས་ཏེ་གནམ་གཅལ་ཡང་པང་ལེབ་(དེ་གཉིས་ལས་ཅུང་སྲབ་མོ་ཞིག་)བཀབ་སྟེ།  སྟེང་འོག་བར་བཅས་རིམ་པ་གསུམ་དུ་པང་ལེབ་བཀབ་པའང་མི་ཉུང་བ་ཞིག་འདུག ཁང་ཐོག་གི་ཁང་མིག་རེ་གཉིས་ལ་མཛེས་རྒྱན་སྤྲས་ནས་མཇེས་སྡུག་ལྟ་བས་ཆོག་མི་ཤེས་པར་བཅོས་པ་དང་། དེ་ལས་ཕྱེད་ཙམ་མམ་ཡང་ན་ཁང་མིག་རེ་གཉིས་སོག་མ་དང་གཟན་ཆག་འཇོག་ས་བྱེད། འོན་ཀྱང་འབྲུག་ཆུའི་བོད་ཀྱི་སྲོལ་རྒྱུན་བསམ་བློར་མི་རྣམས་གཙོ་བོ་ཁང་པའི་འོག་མར་སྡོད་པ་དང་ཁང་པའི་སྟེང་མར་གཟན་ཆག་འཇོག་སྟེ། ཁང་ཐོག་ནི་མཛེས་རྒྱན་སྤྲས་ནས་ལྷ་ཁང་ལྟར་གྱུར་ནའང་དེ་ནི་དབྱར་ཁར་གནས་སྐབས་རང་བཞིན་གྱི་ཉལ་ས་ཙམ་དང་། ཐ་ན་དེ་འདྲའི་མཛེས་སྡུག་ལྡན་པའི་ཁང་པར་དངོས་རྫས་ཧྲལ་ཧྲུལ་འཇོག་ས་དང་། ཡང་ན་རྒྱུ་ནོམ་པ་ལྡན་པའི་ཕྱུག་པོས་རྒྱུ་གཤོམ་ས་ཙམ་དང་། སྐུ་མགྲོན་འདྲ་ཕེབས་པའི་མཚམས་ལ་བཀོལ་སྤྱོད་ཙམ་ལས་བེད་སྤྱོད་ཀྱི་རིན་ཐང་ཆེར་མེད་པར་བརྩི་བས། དེ་ལ་མཐའ་སྐོར་རྒྱ་སོགས་མི་རིགས་ཀྱིས་རི་ཁྲོད་ཀྱི་བོད་དམངས་ཚོས་མཛེས་སྡུག་ལྡན་པའི་ཁང་བཟང་བསྐྲུན་ནས་མི་ཁང་ཤོད་དུ་སྡོད་པ་དང་སྒོ་ཕྱུགས་གསོ་བྱེད་ཀྱི་གཟན་ཆག་ཁང་ཐོག་ཏུ་འཇོག་ཅེས་རྒྱུན་དུ་འཕྱ་སྨོད་བྱེད། དེ་ལས་བོད་ཀྱིས་ཁང་བཟང་བེད་སྤྱོད་མི་ཤེས་ཚུལ་དང་ལོངས་སུ་སྤྱོད་མི་ཤེས་ཚུལ་ཤུགས་སུ་བསྟན་པ་ཡིན། དེ་ཡང་ཡིན་ཏེ། རྒྱ་རིགས་ཕལ་ཆེར་ཁང་ཐོག་ཏུ་སྡོད་པ་དང་ཤོད་དུ་གཟན་ཆག་འཇོག་པའམ་ཕྱུགས་ལྷས་བྱེད་པས་སོ། འདི་གའི་བོད་རིགས་དང་རྒྱ་རིགས་ཀྱི་སྡོད་གནས་ཏག་ཏག་བླ་འོག་ལྡོག་པས། བོད་རིགས་ཀྱི་ས་ཆར་མེ་སྐྱོན་བསྟུད་མར་བྱུང་བའི་རྒྱུ་རྐྱེན་མང་ཤོས་ཀྱང་དེ་ལས་མ་འདས་ཏེ། ཁྱིམ་ཚང་གཅིག་གི་ཁང་པར་མེ་ཤོར་ན་གཅིག་གིས་གཅིག་ལ་མཐུད་ནས་ཁྱིམ་ཚང་བཅུ་ཕྲག་འགའ་ཤས་སམ་ཐ་ན་སྡེ་པ་ཡོངས་རྫོགས་ཅིག་ཅར་འབར་བའི་ཉེན་ཁའང་རྒྱུན་པར་འབྱུང་གི་འདུག   

            འདི་འདྲའི་བོད་ལུགས་ཀྱི་ཐོག་ཁང་སྟེ་གཞུང་ཁང་གི་མདུན་དུ་ས་ངོས་ལས་ཁྲེ་ཙེ་གཉིས་གསུམ་དམའ་སའི་གཡས་གཡོན་ཕྱོགས་གཉིས་སུ་མཐོ་དམའ་དང་། ཆེ་ཆུང་། བཟོ་དབྱིབས་བཅས་ཚང་མ་འདྲ་བའི་ཁང་མིག་གཉིས་གསུམ་ཅན་གྱི་ཐོག་ཁང་ཆུང་བ་གཉིས་དོ་མཉམ་དུ་སྦྲེལ་ཡོད་ལ། ཁང་སྟེང་དུ་ཕལ་ཆེར་གནས་སྐབས་རང་བཞིན་གྱི་ཉལ་ཁྲི་འཛུགས་པའམ་འབྲུ་རིགས་སོགས་དངོས་པོ་འཇོག་ས་དང་། ཁང་འོག་གི་ཕྱོགས་གཅིག་ཏུ་རྟ་ནོར་ལུག་གསུམ་སྟེ་སྒོ་ཕྱུགས་ཀྱི་ལྷས་ར་དང་།  ཕྱོགས་གཅིག་ཏུ་དངོས་པོ་རྩག་རྩིག་འཇོག་ས་བྱེད། གཡས་གཡོན་ཐོག་ཁང་ཆུང་བ་གཉིས་ཀྱི་མདུན་མཐའི་དབྲག་ཏུ་ས་ཁང་དམའ་མོ་ཞིག་གིས་གཡས་གཡོན་གྱི་ཐོག་ཁང་སྦྲེལ་བ་ལྟར་བྱེད། ས་ཁང་གི་སྟེང་དུ་ཁྱིམ་མི་ཁ་བརྡ་ལྷུག་པོར་བྱེད་ས་དང་།འབྲུ་རིགས་ཉི་མར་སྐེམ་ས། ཆ་མ་འཇོག་ས། གོན་རྒྱུ་བརྡལ་ས་སོགས་བྱེད་ཅིང་། འོག་ཏུ་ཕྱེད་ཙམ་ཕག་རའམ་དངོས་པོ་འཇོག་ས་དང་། ཕྱེད་ཙམ་དུ་གླེགས་གཉིས་ལྡན་གྱི་རྒྱ་སྒོ་གཏོད་ཡོད། རྒྱ་སྒོའི་ཕྱི་གཡས་སུ་སྟབས་བདེའི་སྤྱོད་ཁང་ཉིས་རྩེག་ཅན་ཕུབ་པ་དང་སྒོ་ཁྱི་འདོགས་པར་བྱེད། (དེང་སྐབས་སྒོ་རའི་ནང་དུ་འདོགས་པའང་མང་)རྒྱ་སྒོའི་ནང་དུ་ཞུགས་ན་ར་བ་གྲུ་བཞི་མ་ཞིག་ཏུ་གྲུབ་ལ། ར་བ་ནས་གཞུང་ཁང་དུ་འགྲོ་སར་རྡོ་སྐས་ཤིག་བརྩིགས་ཡོད། དེ་ལྟ་བུ་ནི་ཁྱིམ་ཚང་གི་ཆ་རྐྱེན་ཅུང་བཟང་བ་དང་། ས་རྒྱ་ཅུང་ཆེ་བ་དག་གིས་བྱེད་པ་ཡིན་ཏེ།  གལ་ཏེ་ཁྱིམ་ཚང་གི་ཆ་རྐྱེན་ཅུང་ཞན་ན། གཞུང་ཁང་གི་མདུན་དུ་ས་ཡིས་བཀབ་པའི་སྟབས་བདེའི་ལྷས་ར་ཞིག་བཟོས་པའམ་ཡང་ན་མདུན་ཕྱོགས་སུ་ཤིང་གི་རིབ་མའམ་གྱང་ར་རྡོ་ར་བསྐོར་བ་དང་། དེ་ལས་ཀྱང་ས་རྒྱ་ཆུང་བའམ་མེད་ན་དེ་ལྟའི་ཁང་པ་བསྐྲུན་པ་དང་རིབ་མ་བསྐོར་བའི་ཆ་རྐྱེན་མེད་པ་ནི་སྨོས་མི་དགོས།   4.  ཟུར་དུ་འཁོར་བའི་ཐོག་ཁང་།   

            ཟུར་དུ་འཁོར་བའི་ཐོག་ཁང་(转角楼)ཞེས་པ་ནི།གོང་གསལ་གཞུང་ཁང་དང་འདྲ་བར་མདུན་ཕྱོགས་ཀྱི་ས་རྒྱ་ཆེ་ཆུང་ལྟར་གཡས་གཡོན་མདུན་ཕྱོགས་གསུམ་དུ་ཐོག་ཁང་ཅུང་ཆུང་བ་རེ་བཟོ་སྐྲུན་དང་། དེ་གསུམ་གྱི་རྒྱ་ཕིབས་གཞུང་ཁང་དང་མཉམ་སྟེ་ཕྱོགས་བཞིར་རིམ་པ་གཉིས་ལྡན་གྱི་ཐོག་ཁང་བསྐྲུན་པའི་ར་སྐོར་ཅན་གྱི་ཐོག་ཁང་ལ་ཟེར། གཞུང་ཁང་གི་སྟེང་དུ་སྔར་བཞིན་སོག་མ་སོགས་འཇོག་པ་དང་། ཤོད་དུ་མི་སྡོད་པ། གཞུང་ཁང་གི་མདུན་ཕྱོགས་ཐོག་ཁང་ཆུང་ངུ་གསུམ་གྱི་སྟེང་དུ་ཉལ་ཁྲི་འཛུགས་པ་དང་འབྲུ་རིགས་སོགས་དངོས་པོ་འཇོག་ས་བྱེད། གཡས་གཡོན་ཕྱོགས་གཉིས་ཀྱི་ཁང་ཤོད་གཅིག་ལྷས་ར་དང་། གཅིག་དངོས་པོ་འཇོག་ས་བྱེད། མདུན་ཕྱོགས་ཀྱི་ཤོད་དུ་རྒྱ་སྒོ་འདོན་པ་དང་། རྒྱ་སྒོའི་ཕྱིར་གོང་གསལ་བཞིན་དང་ནང་དུ་དབྱིབས་གྲུ་བཞི་མའི་ར་བར་གྲུབ། ར་བ་ནས་གཞུང་ཁང་དུ་འགྲོ་སར་རྡོ་སྐས་རིང་མོ་ཞིག་བརྩིགས་ཡོད། ཕྱོགས་བཞིར་ཐོག་ཁང་ཡོད་པའི་ར་སྐོར་ཅན་ཏེ་ཟུར་དུ་འཁོར་བའི་ཐོག་ཁང་དེ་རིགས་ནི། སྔར་སྤྱི་ཚོགས་རྙིང་པའི་དུས་སུ་ས་བདག་དང་ཞིང་པ་ཕྱུག་པོ་ལ་མང་སྟེ། ས་ཞིང་དང་རྟ་ནོར་ལུག་གསུམ་གྱི་སྒོ་ཕྱུགས་མང་བ་དང་། ལོ་གླ་དང་ཉིན་གླ་མང་བས་དེ་ལྟའི་ཁང་པ་བཟོ་ལ། དེང་སང་ཡང་རེ་གཉིས་མིག་ལམ་དུ་མཐོང་རྒྱུ་ཡོད་ནའང་རྙིང་པར་གྱུར། དེང་གི་དུས་སུ་དེ་ལྟ་བུའི་ཐོག་ཁང་མི་བཟོ་སྟེ། འགྲོ་སྒོ་ཆེ་ལ་ས་རྒྱ་ཡང་ཆེར་དགོས་ཤིང་། བེད་སྤྱོད་ཀྱི་རིན་ཐང་ཡང་དེ་ཙམ་མེད་ལ། སྔར་གྱི་ཕྱུག་པོ་ལྟར་ས་ཞིང་དང་སྒོ་ཕྱུགས་དེ་འདྲ་མེད་པ་དང་། སྡོད་མི་(ལོ་གླ་དང་ཉིན་གླའང་གཏོགས་པ་)དང་འབྲུ་རིགས་ཀྱང་དེ་འདྲ་མང་པོ་མེད་པས་དགོས་པ་ཆུང་བས་སོ།   

            གོང་གསལ་གྱི་ཁང་པའི་རྣམ་པ་གང་ཞིག་ཡིན་ནའང་ཁང་སྟེང་དུ་འགྲོ་སར་ཤིང་སྐས་རིང་པོ་ཞིག་འཛུགས་པ་ཡིན། དེའང་ཁྱིམ་ཚང་ཆ་རྐྱེན་ཅུང་བཟང་བས་ཤིང་སྐས་ཀྱང་དེ་བས་ལེགས་པར་བཟོ་བ་ཡིན་ཏེ། ཤིང་སྐས་ཀྱི་ལོགས་གཉིས་སུ་ཤིང་ལེབ་མཐུག་ཚད་ཚུན་གསུམ་ཙམ་དང་། ཞེང་ཚད་ཁྲེ་ཙེ་གང་ཙམ། རིང་ཚད་ཁྲེ་ཙེ་བརྒྱད་དགུ་ཙམ་གཉིས་ཀྱི་དབྲག་ཏུ་པང་ལེབ་ཞེང་ཚད་ཚུན་དྲུག་བདུན་འདེགས་བྱེད་དང་གདགས་བྱ་ཕོ་མོར་བྱས་ཏེ་དབྱིབས་“ T”འདི་འདྲའི་རིམ་པ་བཅུ་ལྷག་ཏུ་སྒྲིག་སྦྱོར་བྱས་ཏེ་སྒོ་ཁའི་གཡས་གཡོན་གང་ཕྱོགས་ནས་ཅུང་གསེག་སྟེ་ཁང་སྟེང་དུ་བརྐྱངས་ཡོད། ཆ་རྐྱེན་དེ་ཙམ་མེད་པའི་ཁྱིམ་ཚང་གིས་ཤིང་སྐས་ཆེ་ཞིང་མཛེས་པ་བཟོ་མི་ཐུབ་པས།  སྡོང་རྐྱང་ལ་ཐེམ་པ་བརྐོ་བ་དང་ཤིང་ཕྲ་མོ་གཉིས་ཀྱི་བར་དུ་ཤིང་རྩིབས་འཕྲེད་རྒྱབ་ཅན་ཁང་སྟེང་དུ་བརྐྱངས་ཏེ་དེ་ལས་ཡར་འཛེག་མར་འབབ་བྱེད་ཀྱི་ཡོད། ཁང་སྟེང་དང་ཤོད་ཀྱི་མདུན་ངོས་ནི་ཆབ་སྒོ་དང་སྒེའུ་ཁུང་གིས་མཛེས་པར་བརྒྱན་ཞིང་། སྒོ་གླེགས་རྐྱང་པ་གཅིག་མ་ཡིན་ལ། ཆབ་སྒོ་གཏོད་སའི་གཡས་གཡོན་གྱི་ཁང་མིག་རེར་(མཐའི་རིང་ཚད་ཁྲེ་ཙེ་བཞི་ཙམ་ཡོད་པའི་)སྒེའུ་ཁུང་གྲུ་བཞི་ཁ་གང་མ་རེ་གཏོད་ཡོད་ལ། སྒེའུ་ཁུང་གི་གླེགས་ནི་ཆ་ཅན་ཡིན་པ་དང་། སྒེའུ་ཁུང་རེར་བཀྲ་ཤིས་རྟགས་བརྒྱད་ཀྱི་ཡ་གྱལ་དཔལ་བེའུ་ཡིས་གཙོས་པའི་རི་མོ་རྣམ་པ་སྣ་ཚོགས་ཀྱིས་མཇེས་རྒྱན་སྤྲས་པའི་ཁྲ་མིག་རེ་ཡོད་ཅིང་། དགུན་ཁ་སླེབས་དུས་ཤོག་བུ་དཀར་པོ་ཆེན་པོ་ཁྲ་མིག་སོ་སོར་སྦྱར་ནས་གྲང་ངར་འགོག་པ་དང་། སྒེའུ་ཁུང་བཏོན་པའི་ཁང་པའི་ནང་རོལ་མ་རྒྱུད་དུ་ཕལ་ཆེར་རྫ་མ་དང་ཆུ་ཟོམ།  ཟ་མ་བཟོ་བྱེད་ཨན་བརྡར་སོགས་འཚོ་བའི་མཁོ་ཆས་འཇོག་པ་དང་གཡོན་ཕྱོགས་སུ་བུད་མེད་རྣམས་ཀྱི་རྒྱུན་སྤྱོད་དངོས་པོ་དང་།  གཡས་ཕྱོགས་སུ་བཟའ་ཕོ་མོའི་གྱོན་པ་དང་གདན་ཆ་ལ་སོགས་སྒམ་ནང་ངམ་སྟེང་དུ་བརྩེགས་ནས་འཇོག་པ། ཡ་རྒྱུད་གོང་རོལ་དུ་མེ་མདའ་དང་། གྲི་རིང་། མདའ་གཞུ།  ཁྲབ་མོག་ལ་སོགས་ཕོ་ཆས་འགེལ་བ། ཁང་མིག་ལྔ་ཅན་ལ་ཆ་བཞག་ནས་བཤད་ན། དཀྱིལ་གྱི་མ་ཁྱིམ་ཁང་མིག་གསུམ་པོ་ཚོམས་ཆེན་དུ་བྱེད་ལ། ཚོམས་ཆེན་གྱི་རྒྱབ་རྩིག་ལ་བརྟེན་ནས་རིང་ཚད་ཧ་ལམ་ཁྲེ་ཙེ་བརྒྱད་དགུ་ཙམ་དང་། ཞེང་ཚད་ཁྲེ་ཙེ་དོ་ཙམ། མཐོ་ཚད་ཁྲེ་ཙེ་བཞི་ཙམ་གྱི་འབྲུ་སྒམ་གཉིས་གསུམ་འབྲུ་རིགས་ཀྱིས་བཀང་སྟེ་འཇོག་པ་ཡིན། འབྲུ་སྒམ་གྱི་ནང་དུ་མིག་གསུམ་རེ་ཕྱེ་སྟེ་འབྲུ་རིགས་དང་ཕྱེ་མའི་རིགས་སོ་སོར་བླུག་ས་བྱེད། དེའི་སྟེང་གི་གཡོན་དུ་བུམ་པ་དང་ཆང་རྫ། གཡིས་རྫ། ཆང་བེ། ཟངས་མའི་ཁོག་ལྟིར་སོགས་ཡོ་བྱད་ཚར་དུ་དངར་བ་བཤམས་ཏེ་མཛེས་པར་བྱེད། དེའི་གཡས་སུ་སྒམ་འཆའ་ཞིག་འཇོག་པའི་མཐོ་རིམ་ནས་འོག་རིམ་སོ་སོའི་ནང་དུ་དཀར་ཡོལ་དང་། སྡེར་མ། གཞོང་པ། ཀ་ཏོ་ར་སོགས་གཙང་མར་ཕྱི་བདར་བྱས་ནས་འཇོག་པ་དང་། དེའི་གཡས་ཕྱོགས་ཀྱི་ནང་ཟུར་དུ་སྐུ་འདྲ་(ཐང་ཁ་)དང་ཆོས་སྤྱད་འཇོག་སའི་མཆོད་ཁང་སྟེ་སྒམ་འཆའ་སྒྲིག་སྦྱོར་དང་། དེས་མི་ཚད་ཕྱུག་པོ་ཚོས་ཁྱིམ་གྱི་གནས་འོས་འཚམས་ཤིག་ཏུ་ཟངས་ལས་བཟོས་པའི་སླ་ང་(འབྲུག་སྐད་དུ་ཟངས་ཟེར་)ལ་སོགས་ཅ་ལག་ཅི་ཡོད་མི་གཞན་ལ་ངོམ་ཕྱིར་གཤོམ་པ་ཡིན། དེང་སང་དུས་རབས་འཕོ་འགྱུར་བྱུང་བ་དང་བསྟུན་བོད་སྡེ་སོ་སོར་སོ་ཕག་གི་རྩིག་པ་ཁང་རྩེར་སླེབས་པའམ་ཨར་འདམ་ལྕགས་རྩིབས་མའི་ཐོག་ཁང་རྣམ་པ་གསར་པ་མི་ཉུང་བ་ཞིག་འཛུགས་སྐྲུན་བགྱིས་མོད། གནའ་སྔ་མོའི་སྲོལ་རྒྱུན་གྱི་སྡོད་ཁང་ནི་སྔར་བཞིན་འདི་གའི་བོད་དམངས་ཀྱི་གཅེས་སུ་རུང་བའི་ཁྱིམ་གཞིས་ཡིན་པ་སྨོས་ཅི་དགོས།   

            ཁང་པ་གསར་སྐྲུན་བྱེད་པའི་གོ་རིམ་ནི། ཐོག་མར་ཁང་ཤོད་རྒྱབ་ཀྱི་རྩིག་གཞི་རྩིག་པ་དང་། དེ་ནས་རྩིག་གཞིར་མཐུད་དེ་ས་གྱང་རྡུང་བ་སྟེ། རྩིག་གཞིའི་མཐུག་ཚད་ཧ་ལམ་ཁྲེ་ཙེ་གཉིས་ལྷག་དང་གྱེན་དུ་རྒྱག་བཞིན་རྒྱག་བཞིན་སྲབ་ཏུ་བཏང་སྟེ་ཁང་རྩེར་སླེབས་དུས་མཐུག་ཚད་ཁྲེ་ཙེ་གང་ཙམ་ལས་མེད་པར་གྱུར།  ཁང་ཤོད་ཀྱི་རྩིག་པ་ཧ་ལམ་བསྐམས་པ་ན་དེའི་མུ་ནས་མཐུད་དེ་ཁང་ཐོག་གི་གཡས་གཡོན་རྒྱབ་ཕྱོགས་གསུམ་གྱི་རྩིག་པ་བརྡུངས་ནས་རྩེ་བར་རྩིག་དགོས། དེ་ནས་དྲལ་ལྕམ་དང་ཤིང་ལེབ་སྲབ་མོ་བཀབ་ཅིང་དེའི་སྟེང་དུ་འདམ་བག་བྱུགས་ཏེ་རྫ་གཡམ་བཀབ་པས་རྒྱ་ཕིབས་སུ་གྱུར།  དེ་ནས་སྒོ་དང་སྒེའུ་ཁུང་། ཚ་ཐབ་སོགས་བཟོ་བ། རྩིག་པར་འདམ་བག་འབྱུག་པ་སོགས་བྱས་ཏེ། ཁང་གསར་གྱི་ཨར་ལས་གྲུབ་རྗེས།  ཐོག་མར་བླ་མ་རེ་གཉིས་སྤྱན་དྲངས་ནས་ཆོས་བཀྲ་ཤིས་བརྩེགས་པ་དང་སྨོན་ལམ་སོགས་འདོན་དགོས་ཏེ། དེ་ནི་ཁང་ཁྱིམ་མི་ཡིས་ཁེང་བ་དང་། ར་བ་ཕྱུགས་ཀྱིས་ཁེང་བ་དང་།  བང་མཛོད་འབྲུ་ཡིས་ཁེང་བ་དང་། མི་ཚེ་བྲག་ལས་སྲ་བ་དང་། མི་རྒྱུད་ཆུ་ལས་རིང་བ་དང་། མི་ལ་ཚེ་ཡི་བཀྲ་ཤིས་དང་། ནོར་ལ་གཡང་གི་བཀྲ་ཤིས་དང་། ཟས་ལ་བཅུད་ཀྱི་བཀྲ་ཤིས་དང་། བདེ་སྐྱིད་ཕུན་སུམ་ཚོགས་པའི་བཀྲ་ཤིས་པར་འགྱུར་བའི་ཆེད་དུའོ། དེ་རྗེས་བཀྲ་ཤིས་པའི་ཉིན་སྐར་ལེགས་པོ་ཞིག་བདམས་ནས་ཁང་གསར་དུ་གནས་སྤོ་བྱེད་ཅིང་། གནས་སྤོ་བའི་རྟེན་འབྲེལ་གྱི་མཛད་སྒོ་ནི་གཤོམ་མི་དགོས་ཏེ། གཉེན་ཉེ་མཛའ་གྲོགས་འགའ་ཞིག་བོས་ནས་སྤོ་བར་རོགས་རམ་བྱེད་པས་ཆོག་གོ 

    

གསུམ་པ།  ཆུ་འཐག་ཁང་།   

            ཆུ་འཐག་ཁང་ནི་འབྲུ་རིགས་ཕྱེ་མར་འཐག་ས་ཡིན་པ་སུས་ཀྱང་ཤེས། འབྲུག་ཆུའི་བོད་ཡུལ་དུ་སླེབས་ན་རྒྱང་ཐག་རིང་པོ་ནས་ཁྱེད་ཀྱི་སྤྱན་ལམ་དུ་རི་འདབས་ཀྱི་སྟོད་ནས་སྨད་དུ་རྐང་མེད་སྦྲུལ་ཞིག་དང་འདྲ་བའི་ཆུ་རྐ་རིང་མོ་ཞིག་ཀྱག་གེ་ཀྱོག་གེར་ཆུ་ངོགས་སུ་ཤིང་ལེབ་ཀྱིས་བཟོས་པའི་ཁང་ཆུང་དབྱིབས་གྲུ་བཞི་མ་གཅིག་པུར་གནས་པའི་རྩར་སླེབས་ཤིང་། དེ་ནས་ཉིན་མཚན་མེད་པར་དལ་མོར་བཞུར་བའི་ཆུ་རྒྱུན་གཟར་ཐུར་གྱི་ཆུ་ལྦ་རིང་མོ་བརྒྱུད་དེ་ཤུགས་ཀྱིས་ཐུར་དུ་བཞུར་བས་ཁང་འོག་གི་ཆུ་འཁོར་མགྱོགས་མྱུར་དུ་འཁོར་བ་གཟིགས་ཐུབ་པ་དང་། ཡང་འགྲོ་གིན་འགྲོ་གིན་དེའི་ཉེ་འདབས་སུ་སླེབས་ལ་ཁད་དུ་ཁྱེད་ཀྱི་སྙན་ལམ་དུ་སྒྲ་སྣ་གཅིག་མ་ཞིག་རྒྱུན་མི་ཆད་པར་ལྡི་རི་རིར་ཐོས་ཐུབ་པ་ནི་དེ་གའི་ཆུ་འཐག་ཁང་རེད། ཆུ་འཐག་ཁང་གི་ཕྱོགས་བཞིའི་ཤིང་ལེབ་ཀྱི་གྱང་དང་། དཀྱིལ་གདུང་།  དྲལ་ལྕམ། ལྕམ་ཤིང་བརྟེན་སའི་གདུང་མ། ཀ་བ། སྒོ་དང་སྒེའུ་ཁུང་ལ་སོགས་པ་མིག་གིས་མཐོང་ཚད་ཚང་མར་ཕྱེ་མ་དཀར་པོ་མཐུག་པོར་ཆགས་ཡོད་པ་དང་། གང་དུ་རེག་ནའང་ཕྱེ་མ་དཀར་པོ་ཚུར་འགོ་བ་ཡིན། མི་རྣམས་ཀྱིས་འབྲུ་རིགས་འབོ་གང་སྟེ་རྒྱ་མ་སུམ་ཅུ་རེ་བཏགས་ན་ཆུ་འཐག་ཁང་གི་བདག་པོར་ཕོགས་ཐོབ་རྒྱ་མ་གང་རེ་སྤྲོད་དགོས། ང་ཚོས་བལྟས་ན་ཕོགས་ཐོབ་ཀྱི་འབྲུ་རིགས་རྒྱ་མ་གང་དོ་ཙམ་ལས་མེད་མོད།  ཉིན་གསོག་ཟླ་གསོག་བྱེད་དུས་འབྲུ་རིགས་མི་ཉུང་བ་ཞིག་གསོག་ཐུབ།  དེ་ལ་ཡུལ་དེའི་གཏམ་དཔེར།   ཆུ་འཐག་བཙུགས་ན་ཕྱུག་པོར་འགྱུར།  ཁང་པ་བསྐྲུན་ན་དབུལ་པོར་འགྱུར་ཞེས་ཟེར།  དེའི་ཐོག་ནས་ཆུ་འཐག་ཅིག་བཙུགས་ན་དེར་ཁེ་སྤོགས་ལེགས་པོ་ཡོད་པ་ཤེས་ཐུབ། ཡིན་ན་ཡང་དེ་སྔ་ཐོན་སྐྱེད་རུ་ཁག་གི་དུས་སུ་ཆུ་འཐག་ཁང་གི་དངོས་པོ་ཡོད་དོ་ཅོག་ཚང་མ་སྤྱི་ནོར་ཡིན་པས། ཕོགས་ཐོབ་འབྲུ་རིགས་ཐམས་ཅད་རུ་ཁག་གི་བང་མཛོད་ལ་དབང་བ་དང་། ཆུ་འཐག་བདག་གཉེར་བ་ནི་ངལ་རྩོལ་པ་གོ་ཐང་ཞིག་ལ་བརྩི་བ་ཡིན། དེ་ལྟ་ཡིན་མོད་ཀྱང་སྔར་བཞིན་ཕན་ཐོགས་ཡོད་པ་ནི་སྨོས་མི་དགོས་ཏེ། ཁོ་རང་ཉིད་ཀྱི་འཚོ་བར་འགན་སྲུང་ཡོད་པ་མ་ཟད། རང་གི་ཁྱིམ་ཚང་ལའང་ཅུང་ཟད་སྤྲོད་ཐུབ་པ་དང་། ད་དུང་ལས་ཀའི་སྐར་གྲངས་ལ་ཐོབ་པའི་འབྲུ་རིགས་ཀྱང་ཁྱིམ་མིས་སྤྱོད་ཆོག་པ་ཡིན། དེའི་ཕྱིར། སྐབས་དེར་ཆུ་འཐག་བདག་གཉེར་བྱེད་མཁན་ནི་ངེས་པར་དུ་ཞིང་དབུལ་ཞིང་འབྲིང་འོག་མའི་སྐྱེ་ཁུངས་ཀྱི་ནང་ནས་རུ་དཔོན་དང་འབྲེལ་བ་ངེས་ཅན་ཡོད་པ་ཞིག་ཡིན། ཉེ་ཆར་ལོ་ཉི་ཤུ་ལྷག་གི་རིང་ལ་ཚན་རིག་ལག་རྩལ་མྱུར་མགྱོགས་ཀྱིས་གོང་དུ་འཕེལ་བ་དང་བསྟུན་ནས་ཆུ་འཐག་ལྕགས་ཀྱི་ཕྱེ་འཁོར་དུ་བཅོས་བསྒྱུར་བྱས་ཏེ། ཧ་ལམ་སྡེ་པ་སོ་སོའི་ཁྱིམ་ཚང་འགའ་ཞིག་ལ་ལྕགས་ཀྱི་ཕྱེ་འཁོར་རེ་བཙུགས་ཡོད་པས་ཕྱེ་འཐག་པར་ཤིན་ཏུ་སྟབས་བདེ་ཡོད། དེང་དུས་ཆུ་འཐག་གིས་ཕྱེ་འཐག་པ་ཤིན་ཏུ་ཉུང་སྟེ། དུད་ཚང་འགའ་ལས་མེད་པའི་མཐའ་འཁོབ་དབེན་གནས་ཀྱི་དུད་ཚོ་ཆུང་ཆུང་དེ་འདྲར་ད་གཟོད་ཆུ་འཐག་རེ་གཉིས་མཐོང་ཐུབ་པ་ལྟ་བུའོ།   

            འབྲུག་ཆུའི་བོད་ཡུལ་གྱི་ཆུ་འཐག་སྐོར་བཤད་ན་རང་བཞིན་གྱིས་དངངས་སྐྲག་སྐྱེས་ནས་བསམ་མནོ་ཕུགས་རིང་གཏོང་མི་ཕོད། དེ་ཅི་ཡིན་ཞེ་ན། འབྲུག་ཆུའི་ས་ཆ་ནི་རི་བོ་མཐོ་ལ་ལུང་པ་ཟབ་ཅིང་གཅོང་རོང་དོག་པ་དང་། ནང་སྒོས་སུ་འདི་གའི་བོད་པ་ཚང་མ་རི་མགོ་དང་རི་སྐེད་དམ། ཡང་ན་ནགས་གསེབ་ཏུ་འཚོ་གནས་བྱེད་པས་སྡུག་དཀའ་ལས་སྣ་ཚོགས་རྒྱག་དགོས་པ་ནི་བརྗོད་མི་དགོས་ཏེ། ལུང་པ་ཡོད་ཚད་ལ་ཆུ་རྒྱུན་ཡོད་པའི་ངེས་པ་མེད་ལ། ཆུ་རྒྱུན་ཡོད་ཚད་ཀྱིས་ལྗིད་ཚད་རྒྱ་མ་སྟོང་ཕྲག་འགའ་ཤས་ཡོད་པའི་ཆུ་འཐག་གི་རྡོ་གཞོང་བསྐོར་ཏེ་འབྲུ་རིགས་ཕྱེར་འཐག་ནུས་པའི་ངེས་པའང་མེད། དེ་བཞིན་དུ་སྡེ་པ་ཚང་མར་ཆུ་འཐག་ཁང་རེ་ཡོད་པའི་ངེས་པ་མེད་དེ། འབབ་ཆུ་ཅུང་ཆེ་བའི་ལུང་པར་ཐུན་མོང་དུ་ཆུ་འཐག་ཁང་རེ་གཉིས་ཡོད་ཅིང་། དེ་ཡང་མི་རྣམས་ཀྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་རི་མགོ་དང་ནགས་གསེབ་ནས་འབྲུ་རིགས་རྒྱབ་ཏུ་ཁུར་བ་དང་། རྟ་དྲེལ་བོང་གསུམ་ལ་བཀལ་ནས་ཆུ་འཐག་ཡོད་པའི་ལུང་པར་འགྲོ་དགོས། ཆུ་འཐག་ཁང་དུ་སླེབས་ནའང་སྐབས་འཕྲལ་འཐག་ཐུབ་པའི་ངེས་པ་མེད་དེ། སྔ་ཕྱིར་སླེབས་པའི་གོ་རིམ་ལྟར་འཐག་དགོས་པས་མི་མང་ན་ལམ་སེང་འཐག་མི་ཐུབ། ལྷག་པར་དུ་དགུན་དུས་ལུང་པའི་ཆུ་རིམ་བཞིན་ཆུང་དུ་སོང་བས་ཆུ་འཐག་བསྐོར་བ་ཤིན་ཏུ་དལ་ཞིང་ཞག་འགའ་ཞིག་སོང་ན་ད་གཟོད་འཐག་མཁན་གྱི་གྲལ་མཚམས་སུ་སླེབས་ཐུབ། ཡང་དབྱར་དུས་ནམ་ཞིག་ཆུ་ལོག་བྱུང་ན་ཆུ་རྐ་གཏོར་བརླག་སོང་ནས་དེ་བས་ཐབས་རྡུགས་སུ་གྱུར་ཏེ། འབྲུ་རིགས་རྒྱབ་ཏུ་འཁུར་བའམ་རྟ་དྲེལ་བོང་གསུམ་གྱི་ཕྱུགས་ལ་བཀལ་ནས་ཆུ་ལོག་བྱུང་མེད་པའི་ལེ་དབར་བཅུ་ཕྲག་འགའ་ཤས་སམ་ཐ་ན་བརྒྱའི་ཡས་མས་ཀྱི་ལམ་ཐག་རིང་སར་འཐག་ཏུ་འགྲོ་དགོས་པས། ལས་ཚེགས་བརྗོད་ཀྱིས་མི་ལང་བ་མྱོང་དགོས་པ་སྨོས་ཅི། དེ་ལས་ད་དུང་རང་བྱུང་གི་གནོད་འཚེ་སྣ་ཚོགས་དུས་རྟག་ཏུ་བྱུང་ནས་བཀྲེས་སྐོམ་གྲང་གསུམ་གྱི་གདུང་བས་མནར་བ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཕྱིར།  ཡུལ་འདིའི་བོད་དམངས་ཀྱིས་རྟག་པར་དབུགས་རིང་གཏོང་བཞིན་རང་རེ་བོད་པ་རྣམས་ཀྱིས་ཚེ་སྔ་མར་སྡིག་ཏོ་ཅི་བསྒྲུབས་པས་ཚེ་འདིར་སྡུག་བསྔལ་འདི་ལྟར་མཐོང་དུ་འཇུག་ཅེས་སྨྲེ་སྔགས་དིར་དིར་སྒྲོག་པ་རྟག་ཏུ་ཐོས་རྒྱུ་ཡོད། དེའི་ཕྱིར་བསྒྱུར་བཅོས་སྒོ་དབྱེ་བྱས་པ་ནས་བཟུང་། གྲོང་སྡེར་ཁང་གསར་བཞེངས་པ་དང་ལམ་གསར་སྐྲུན་པ་སོགས་འགྱུར་ལྡོག་ཆེན་པོ་བྱུང་བའི་རྣམ་པ་གསར་པ་གཞན་མང་པོ་མི་བརྗོད་དེ། དེའི་ནང་ནས་ཆུ་འཐག་ལྕགས་ཀྱི་ཕྱེ་འཁོར་དུ་བཅོས་བསྒྱུར་བྱས་པའི་སྣ་འདི་གཅིག་པུ་དཔེར་བླངས་ནས་བརྗོད་ནའང་། དེས་ཡུལ་འདིའི་བོད་དམངས་ལ་རྒྱབ་ཀྱི་རྡོག་ཁྲེས་ལྗིད་པོ་མར་ཕབ་པ་དང་བཅིངས་བཀྱིགས་དམ་པོ་ལས་གྲོལ་བ་ལྟ་བུའི་བག་ཕེབས་ཀྱི་འཚོ་བར་རོལ་རྒྱུ་བྱུང་ཡོད།   

            གཞན་ད་དུང་ཁྱིམ་ཚང་འགའ་ཞིག་གིས་མཆིག་རྡོ་ཆུང་ངུ་རེ་ཉར་ཚགས་བྱས་ཡོད་ཅིང་། མཆིག་རྡོ་དེ་ནི་བོད་ཡུལ་གཞན་གྱི་རྩམ་འཐག་ལག་སྐོར་ལས་ཆེ་བ་ཡོད། རྩམ་འཐག་ལག་སྐོར་ནི་ཅུང་ཆུང་བས་ལག་གིས་བདེ་བླག་ཏུ་བསྐོར་ཐུབ་ལ། གང་དུ་སོང་ནའང་ཁྱེར་སླ་ཞིང་རང་བྱུང་ཆ་རྐྱེན་གྱི་འཆིང་རྒྱ་འཁུར་མི་དགོས་པས་འབྲོག་ཁུལ་དུ་བཀོལ་བ་མང་ཞིང་སྦྲ་གུར་གྱི་སྒོ་ཁར་བཞག་སྟེ། ཁྱིམ་མི་སྒོ་ནས་ཕྱིར་ཐོན་དུས་ལན་འགའ་བསྐོར་བ་དང་། སྒོར་ཞུགས་དུས་ལན་འགའ་བསྐོར་ནས་བཏགས་རྗེས་མ་མཐར་ཡང་ཉིན་གཅིག་གི་བཟའ་རྒྱུའི་རྩམ་པ་དེ་ཐག་ཆོད་ཡོང་། དེ་དང་བསྡུར་ན་འབྲུག་ཆུའི་བོད་ཁུལ་ཁྱིམ་ཚང་དུ་བཀོལ་བའི་མཆིག་རྡོ་ནི་དེ་ལས་ཆེ་ཞིང་ལྗིད་པས་ལག་གིས་བདེ་བླག་ཏུ་བསྐོར་མི་ཐུབ་སྟེ། མཆིག་རྡོ་སྟེང་མའི་(འོག་མ་བསྐོར་མི་ཐུབ་)ཁ་གཏད་ཀྱི་མཐའ་གཉིས་སུ་ཁུང་བུ་རེ་ཕུག་ཅིང་། དེར་ཐག་པ་ཨ་ལོང་བྱས་ནས་བཏགས་ཡོད་པར།  ཕྱེ་འཐག་དུས་དབྱུག་པ་རིང་པོ་ཞིག་ཐག་པའི་ཨ་ལོང་གཅིག་ལ་འཇུག་ཅིང་སྣེ་མོ་མཆིག་རྡོའི་ལོགས་ངོས་སུ་གཏད་དེ། མི་ཞིག་གིས་ཕྱོགས་གཅིག་ནས་ལག་གཡོན་གྱིས་མཆིག་རྡོའི་དབུས་ཀྱི་ཁུང་བུར་བཏག་བའི་འབྲུ་སྙོམས་པར་གཏོང་བ་དང་། ཕྱོགས་གཅིག་ནས་ལག་གཡས་ཀྱིས་དབྱུག་པའི་གསུས་པ་དང་མཉམ་དུ་བཟུང་ནས་ཤུགས་ཀྱིས་འབུད་པར་བྱེད། མི་དར་མ་ཡིན་ན་མཆིག་རྡོ་དེ་མི་གཅིག་གིས་བསྐོར་ཐུབ་པ་དང་། ལོ་ན་བཅུ་ཙམ་ལོན་པའི་བྱིས་པ་ཡིན་ན་མཆིག་རྡོའི་གཡས་གཡོན་མཐའ་གཉིས་ཀྱི་ཁུང་བུར་བཏགས་པའི་ཐག་ལུང་རེ་ལ་དབྱུག་པ་རེ་བཅུག་ནས་བྱིས་པ་གཉིས་ཀྱིས་བསྐོར་ཐུབ་པ་ཡིན། མཆིག་རྡོ་དེ་ལྟ་བུས་བོད་ཁྱིམ་དུ་ཕལ་ཆེར་ཉི་མ་གཅིག་གཉིས་སམ་ཐུན་གཉིས་གསུམ་བཟའ་རྒྱུའི་ཕྱེ་ཉུང་ཤས་འཐག་ཐུབ་ལ། ལྷག་པར་དུ་ཐག་རིང་དུ་ཡོད་པའི་ཆུ་འཐག་ལ་ཆག་སྐྱོན་འབྱུང་དུས་དེའི་ནུས་པ་ཆེར་ཐོན་ཏེ། ཁྱིམ་ཚང་གཅིག་གི་ཉིན་གའི་འཚོ་བ་ཐག་གཅོད་ཐུབ་པ་མ་ཟད། མཆིག་རྡོ་མེད་པའི་ཁྱིམ་ཚང་གཞན་དག་ཀྱང་དེའི་ཚང་དུ་ཕྱེ་ཉུང་ཤས་ཙམ་འཐག་ཏུ་འོངས་ནས་ཉི་མ་འགའ་ཞིག་གི་འཚོ་བ་ཐག་གཅོད་ཐུབ་ཐབས་བྱེད་ཀྱི་ཡོད། སྒོས་སུ་དུས་རབས་གོང་མའི་ལོ་རབས་དྲུག་ཅུར་འཚོ་བར་དཀའ་ངལ་ཆེན་པོ་འཕྲད་སྐབས་ཁྱིམ་ཚང་མང་ཆེ་བར་འབྲུ་རིགས་མང་པོ་འཁུར་རྒྱུ་མེད་པས། འབྲུ་རིགས་ཉུང་ཙམ་ལས་མེད་པ་དེ་མཆིག་རྡོ་དེ་འདྲ་བར་བརྟེན་ནས་བཏག་པར་བྱེད། དེར་བརྟེན། མཆིག་རྡོ་དེས་འབྲུག་ཆུའི་བོད་ཁྱིམ་གྱི་འཚོགནས་ལ་ནུས་པ་མི་ཆུང་བ་ཞིག་ཐོན་མྱོང་། འོན་ཀྱང་མཆིག་རྡོ་དེ་འདྲ་བས་བཏགས་པའི་ཕྱེ་ཅུང་ཧྲལ་པོ་ཡིན་ལ། ཆུ་འཐག་གིས་བཏགས་པ་ལྟར་ཞིབ་མོ་མེད་པས། དེང་དུས་གཡེར་མ་དང་ཚྭ་ཁུ་སོགས་སྤོད་རྫས་མཆིག་རྡོ་ལ་འཐག་པ་ལས་འབྲུ་རིགས་ཕྱེ་མར་བཏགས་ནས་ཟ་མཁན་ཧ་ལམ་མེད་པ་འདྲ།  

 

བཞི་པ། སྡོད་གནས་ཀྱི་གུས་སྲོལ་མཛད་སྒོ་སྤེལ་ཚུལ།   

            མི་རིགས་གང་ཞིག་ལ་བལྟོས་ནས་བཤད་ནའང་སྡོད་གནས་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ཡིན། ནང་བསྟན་ལ་བཀུར་བསྟི་དང་མཆོད་དད་བྱེད་པའི་བོད་ཁ་བ་ཅན་ལ་མཚོན་ན། དེ་དང་འབྲེལ་བའི་ཆོ་ག་ནི་ཉུང་ཉུང་ཞིག་གཏན་ནས་མིན། འབྲུག་ཆུའི་བོད་རིགས་ཀྱང་དེ་ལྟར་ཡིན་པ་སྨོས་ཅི་དགོས། བོད་ཡུལ་གཞན་དང་འདྲ་བར་འབྲུག་ཆུའི་བོད་རིགས་ཀྱིས་ཁང་པ་གསར་པ་སྐྲུན་སྐབས་ཐོག་མར་བླ་མའམ་རྩིས་མཁན་གདན་དྲངས་ནས་ཁང་པ་གསར་སྐྲུན་བྱ་རྒྱུའི་ལས་འགོ་འཛུགས་པའི་ཉི་མ་དང་། ས་སྒོ་འབྱེད་པའི་ཕྱོགས་དང་། མི་གང་ཞིག་གིས་ས་སྒོ་འབྱེད་དགོས་པ་སོགས་གཏན་འཁེལ་བྱེད་སྲོལ་ཡོད། ཁང་པ་གསར་པ་འཛུགས་སྐྲུན་བྱེད་དུས་འབྲུག་ཆུའི་བོད་ཀྱིས་དགོས་མཁོའི་རྒྱུ་ཆ་མང་པོ་ཞིག་གྲབས་གསོག་བྱ་དགོས་ཏེ། བཤད་ཚུལ་ཞིག་ཡོད་པ་ནི། ཤིང་ཆ་ཕུང་ཆེན་གཅིག་དང་། རྡོ་བ་ཕུང་ཆེན་གཅིག   གོ་རེ་ཕུང་ཆེན་གཅིག་བཅས་དགོས་ཞེས་བརྗོད་ཀྱི་ཡོད། དེ་ལས་ཁང་པ་གཅིག་བཟོ་བ་ལས་སླ་པོ་མིན་པ་ཤེས་ཐུབ། ཁང་པ་འཛུགས་སྐྲུན་བྱ་རྒྱུའི་རྒྱུ་ཆ་དེ་ཙམ་གྱིས་མི་ཚད་ད་དུང་ནས་ཆང་རྫ་མ་འགའ་རེ་བསྙལ་དགོས་པ་དང་།  ཕག་ཤ་སྐམ་པོ་གཟེབ་ཆེན་འགའ་རེ་བསགས་ཏེ་འཇོག་པ།  འབྲུ་རིགས་གྲོ་ཁལ་(འབྲུག་ཆུའི་བོད་དུ་འབོ་རེའི་ཤོང་ཚད་ལ་འབྲུ་རིགས་རྒྱ་མ་༣༠དང་། ཁལ་རེའི་ཤོང་ཚད་ལ་འབོ་བཅུ་སྟེ་རྒྱ་མ་༣༠༠ཤོང་བས་རྒྱ་སྐད་ཀྱི་“石”ཞེས་བྱ་བ་དང་འདྲ།  ཁལ་ཞེས་པ་བོད་སྤྱི་དང་བཤད་སྲོལ་གཅིག་མཚུངས་རེད་)ལྔ་དྲུག་འཐག་དགོས། དེ་དག་ཁྱིམ་མིས་ལོ་འགའི་སྔོན་ཚུད་ནས་གསག་གསག་སྒྲུག་སྒྲུག་གིས་ཉུང་ཤས་དང་ཕྲན་བུ་ནས་འགོ་བཙུགས་ཏེ་སྟ་གོན་བྱེད་དགོས། ཁང་པ་གསར་རྒྱག་ལ་དགོས་པའི་རྒྱུ་ཆ་དང་བཟའ་རྒྱུའི་རིགས་ཚང་མ་གཅིག་ཀྱང་མ་ལུས་པ་ཉེར་བསྡོགས་བྱས་རྗེས། ཤིང་བཟོ་བ་འགའ་ཞིག་གདན་དྲངས་ནས་ཤིང་བཟོའི་ལས་ཀ་འགོ་འཛུགས་དགོས། ཉི་མ་བཅུ་ལྷག་ནས་ཉི་ཤུ་ཡས་མས་ལ་དུས་ཚོད་དམ་འཛིན་གྱིས་ཁང་སྒྲོམ་ལ་དགོས་པའི་ཤིང་ཆ་ཡོད་ཚད་བཟོས་རྗེས། ཉི་མ་གང་ཞིག་ལ་ཁང་པ་དངོས་སུ་རྒྱག་དགོས་མིན་(འབྲུག་སྐད་དུ་གཞིས་གསར་པ་ཡར་སློང་རྒྱུ་དགོས་ཟེར་)བརྟག་རྒྱུ་ནི་ཤིན་ཏུ་གལ་ཆེ། ཁང་པ་རྒྱག་རྒྱུའི་སྔ་ཉིན་གྱི་ཕྱི་དྲོར་སྡེ་པའི་ཕོ་སྐྱེས་པ་ཚང་མ་མ་བོས་རང་བཞིན་གྱིས་རོགས་རམ་བྱེད་དུ་འོངས། དེའི་དུས་སུ་ཤིང་བཟོ་བ་གཙོ་བོའི་བཀོད་འདོམས་འོག ཤིང་བཟོ་བ་གཞོན་པ་ཚོས་སྣེ་ཁྲིད་དེ་སྐྱེས་པ་ཐམས་ཅད་སེམས་མཐུན་ཤུགས་སྒྲིལ་གྱིས་སྔར་ནས་འཕྲོད་པར་བཟོས་ཟིན་པའི་ཕོ་ལྷུ་དང་མོ་ལྷུ་(མ་ཁ་དང་བུ་ཁ་)ཡོད་ཚད་ཕན་ཚུན་མཐུན་པར་འགྲིག་པ་དང་། དེ་རྗེས་སོ་སོ་གང་དུ་འཛུགས་དགོས་ས་དེར་གསེག་ལ་ཡོ་ནས་འཇོག་པ་ཡིན། དེ་ལྟར་ཤིང་ཆ་ཡོད་ཚད་ཕོ་ལྷུ་དང་མོ་ལྷུ་ལྟར་འཕྲོད་པར་འགྲིག་ཚར་རྗེས། ཁང་པའི་ཡང་ཐོག་ལྕམ་ཤིང་གི་མགོ་བརྟེན་སའི་གདུང་མ་དཀྱིལ་མ་དེ་གཅིག་པུ་ཕྱི་ཉིན་ཞོགས་པ་ཁང་པ་དངོས་སུ་འགོ་མ་བཙུགས་བར་ཉར་དགོས། དེའི་དུས་ཉི་མའང་ནུབ་ནས་སྲོད་ལ་སླེབས་པས་སྐྱེས་པ་ཚང་མ་བདག་པོའི་ཁྱིམ་དུ་སོང་ནས་སྔོན་ལ་ཕག་ཤ་སོགས་བཟའ་བཏུང་ལ་རོལ་བ་དང་། དེ་ནས་བོད་རང་གིས་བསྙལ་བའི་ཆང་རག་འཐུང་བཞིན་སྤྲོ་བ་འཕེལ་ནས་སང་ཉིན་ཁང་པ་ཇི་ལྟར་རྒྱག་དགོས་པའི་སྐོར་ལ་དགའ་སྤྲོ་བག་ཕེབས་ངང་གླེང་མོལ་བྱེད་སྲོལ་ཡོད།   

            ཕྱི་ཉིན་མཚན་ཕྱེད་དུ་བྱ་སྐད་གྲགས་མ་ཐག བདག་པོས་མལ་ནས་ལངས་ཤིང་ཁ་ལག་གཙང་མར་བཀྲུས་རྗེས་ཐོག་མར་ཚོམས་ཆེན་གྱི་ལྡེབས་སུ་བཀལ་བའི་སྐུ་འདྲ་སྟེ་ཐང་ཁའི་མདུན་དུ་འབྲུ་རིགས་གྲོ་འབོ་གང་ཡོད་པའི་སྟེང་དུ་ཕག་མགོ་དང་སྣུམ་བཙོས་འཁུར་བ་དང་། ཀ་མ ཀ་ར་གོ་སྲབ། ཤིང་ཏོག་སོགས་ཟས་རིགས་ལེགས་པར་བཤམས་པ་དང་། བསང་བཏང་ཞིང་མཆོད་མེ་དང་བདུག་སྤོས་བསྒྲོན་རྗེས། པུས་མོ་བཙུགས་ནས་ཕྱག་འཚལ་ཞིང་ལྷས་བྱིན་གྱིས་རློབས་པར་ཞུ། དེ་ནས་ཕྱོགས་གཅིག་ནས་ཕོ་ཉ་འགའ་ཞིག་མངགས་ནས་སྡེ་ནང་གི་སྐྱེས་པ་རྣམས་གཉིད་ལས་སད་དུ་འཇུག་པ་སྟེ་ཁྱིམ་ཚང་རེ་རེ་བཞིན་གྱི་རྒྱ་སྒོ་བརྡུངས་ཏེ་འབོད་པ་དང་། ཕྱོགས་གཅིག་ནས་རང་བཟོས་རྫས་མདའ་ལན་གསུམ་བརྒྱབ་པ་སྟེ་བཀྲ་ཤིས་པའི་ཉི་མར་དགྱེས་བསུ་ཞུ་བ་དང་ཚང་མ་གཉིད་ལས་སད་དུ་བཅུག་སྟེ་མྱུར་བར་ཁང་གསར་རྒྱག་སར་འོངས་དགོས་པའི་སྔོན་བརྡ་གཏོང་། དེ་ནས་ཧ་ལམ་སྐྱ་མདའ་གཏོང་བའི་དུས་ལ་ལས་འགོ་བཙུགས་ཏེ། ཐོག་མར་བླ་མ་ཞིག་སྤྱན་དྲངས་ནས་ཆོས་འདོན་གྱིས་ས་བདག་ལ་དགོངས་པ་ཡངས་པར་ཞུ་བ་དང་། དེ་ནས་ཤིང་བཟོ་བ་གཙོ་བོའི་གཅིག་གྱུར་གྱི་བཀོད་འདོམས་འོག་སྐྱེས་པ་ཐམས་ཅད་ཀྱིས་ལག་འགུལ་ཏེ་སྔ་ཉིན་ནས་འཕྲོད་པར་འགྲིག་ནས་གསེག་ལ་བཞག་ཡོད་པའི་ཤིང་ཆ་དེ་རིགས་ཡར་བསླང་དགོས་ཏེ། ལ་ལས་ལྕགས་ཁེམ་དང་། ལ་ལས་འཇོར་བ་བཟུང་ནས་ཀ་བ་འཛུགས་སའི་རྨང་གཞི་སྙོམས་པར་བྱེད་པ་དང་། ལ་ལས་ཀ་རྡོ་བརྟན་པར་འཇོག་པ། ལ་ལས་ཀ་བ་ནས་བཟུང་བ། ལ་ལས་ཀ་བ་སྲོང་བ། ལ་ལས་ཀ་བ་དང་གདུང་མར་བཏགས་ཡོད་པའི་ཐག་པ་ནས་བཟུང་སྟེ་དྲང་པོར་སྲོང་ལ་འཐེན་པར་བྱེད།  དེ་ལྟར་ཁང་སྒྲོམ་ཧྲིལ་པོ་ཧ་ལམ་ཡར་བསླངས་ཚར་རྗེས་གཞོན་ནུ་བདེ་རྩལ་འཁྱུག་པོ་འགའ་ཞིག་གིས་ཁང་ཐོག་གི་གདུང་མར་(འབྲུག་སྐད་དུ་གདུང་མར་ཀ་ཕོ་ཟེར་ཞིང་ཁང་སྟེང་གི་གདུང་མར་གནམ་ཕོ་ཟེར་)འཛེགས་ཏེ་གཡས་གཡོན་གྱི་ཤིང་ཆའི་སྟེང་འོག་ཕོ་མོ་སོགས་མ་འཕྲོད་པ་ཡོད་ན་འཕྲོད་པར་འགྲིག་པ་སོགས། ཁང་སྒྲོམ་ཕྱོགས་ཀུན་ནས་དྲང་པོར་ཚུགས་རྗེས། གཞི་ནས་ཁང་རྩེའི་དཀྱིལ་གྱི་ཆ་ལྡན་གདུང་མ་(ལྕམ་ཤིང་རྩེ་མགོ་འཇོག་ས་སྟེ་ཤིང་ཆ་ཅུང་ཕྲ་མོ་གཉིས་མཉམ་དུ་སྦྱར་ཡོད་ཅིང་། འབྲུག་སྐད་དུ་ཤིང་ཆ་དེ་ལ་གདུང་མ་ཟེར་ཞིང་། དེའི་གཡས་གཡོན་གྱི་ཁང་རྩེའི་ཤིང་ཆ་ཚང་མ་དེ་ལྟར་ཡིན་ཀྱང་མགོ་སྦྲེལ་བྱེད་ཟེར་གྱི་གདུང་མ་ཟེར་བ་མིན་ལ། ཁང་ཀླད་ཁ་ཟུམ་པར་གཞིས་གདུང་མ་འཕེན་འདུག་ཅེས་ཟེར་)དེར་སྦྲེལ་གཟེར་བརྒྱབ་ནས་ཁང་ཀླད་ཁ་ཟུམ་པར་མཚོན། དེའི་མཚམས་སུ་སྔར་ནས་གྲ་སྒྲིག་བྱས་ཡོད་པའི་ཤོག་སྦག་(ཁང་རྩེ་ནས་)རྒྱག་པ་དང་། སྒྱོགས་མིག་གསུམ་ཅན་(བོད་རང་གིས་བཟོས་པའི་ཤིང་ཡུ་དང་ལྡན་པའི་མེ་སྒྱོགས་ཆུང་ངུ་མིག་ཁུང་གསུམ་ཅན་ཞིག་སྟེ། རྒྱག་དུས་མིག་ཁུང་གསུམ་གྱི་ནང་དུ་འབར་རྫས་བརྫངས་ཤིང་ཐུར་དུ་གོ་ལྡོག་ནས་ལག་གཡོན་གྱིས་ཤིང་ཡུ་ནས་འཛིན་པ་དང་། ལག་གཡས་ཀྱིས་མེ་ལན་གསུམ་སྤར་བ་ན་སྒྲ་ཆེན་པོ་གསུམ་སྒྲོག་ལ། དེ་ནི་འདི་འདྲའི་བྱེད་སྒོར་སྤྱོད་ཀྱི་ཡོད་)དང་། རྫས་མདའ་སོགས་དུས་མཚུངས་སུ་བརྒྱབ་པའི་སྒྲ་ནམ་མཁའི་དབྱིངས་སུ་གྲགས་པས།  རྔམ་བརྗིད་ཆེ་ཞིང་བརྗིད་ཉམས་ལྡན་པར་གྱུར། དུས་མཚུངས་སུ་རྒན་རབས་རེ་གཉིས་ཀྱིས་བྱ་སྒོང་བཙོས་མ་(ཕྱེད་གཉིས་སུ་བཤགས་པ་)དང་། སྟར་ཀ  ཀ་ར་བཅས་ཁང་པ་བསྐྲུན་པར་ཞུགས་པའི་སྐྱེས་པ་དང་ལྟད་མོར་འོངས་པའི་རྒན་བྱིས་ཡོད་ཚད་ལ་རེ་རེ་བཞིན་སྟེར་ནས་ཁང་གསར་གྱི་གཞི་སྒྲོམ་ཨར་ལས་གྲུབ་པར་རྟེན་འབྲེལ་ཞུའོ། དེ་ནས་སྐྱེས་པ་ཐམས་ཅད་ཁྱིམ་བདག་གིས་སྒྲིག་གཤོམ་བྱས་པའི་ཅོག་ཙེ་དམའ་མོའི་སྟེང་གི་ཤ་ཆང་ལ་རོལ་བ་ཡིན། ཁྱིམ་བདག་དང་ཞབས་ཕྱི་བ་རྣམས་ཀྱིས་ཚ་ཐབ་ཀྱི་གྲལ་འགོ་ནས་འོག་བར་འདུག་པའི་ཕོ་སྐྱེས་རེ་རེ་བཞིན་ལ་ཆང་བེའི་ནང་དུ་ཆང་བསྣན་ཅིང་བཞེས་སུ་བཅུག་སྟེ་བཀའ་དྲིན་ཆེ་ཚུལ་ཞུ། ཞོགས་ཟས་ལ་རོལ་རྗེས། ལག་ཤེས་མཁས་པ་འགའ་ཞིག་མུ་མཐུད་ཁང་ཤོད་གཡས་གཡོན་གྱི་རྩིག་གཞི་དང་ཁང་པའི་སྒྲོམ་གཞི་སྲ་བརྟན་ཡོད་མེད་སོགས་ལ་བརྟག་ཅིང་སྡོད་པ་ཕུད། དེ་བྱིངས་རྣམས་ཁང་པ་གསར་པར་རྟེན་འབྲེལ་ཞུ་བའི་སྟ་གོན་དུ་རང་རང་ཁྱིམ་དུ་ལོག་འགྲོ་བ་ཡིན།འབྲུག་ཆུའི་བོད་ལ་མི་རིགས་གཞན་ལྟར་ཁང་པ་གསར་པ་ཕྱོགས་ཡོངས་ནས་ལེགས་གྲུབ་ཟིན་རྗེས་གཞི་ནས་ཁང་གསར་དུ་གནས་སྤོ་བའི་རྟེན་འབྲེལ་ཞུ་བའི་ལུགས་སྲོལ་མེད།   

            དེ་ཡང་ཁང་པ་གསར་དུ་རྒྱག་པའི་ཉིན་དེ་རང་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོ་སྤེལ་བ་ཡིན་པས། ཉི་མ་འགའ་ཞིག་གི་སྔོན་ནས་ཕྱི་སྡེའི་གཉེན་ཉེ་མཛའ་གྲོགས་རྣམས་ལ་ཁང་པ་གསར་པར་རྟེན་འབྲེལ་བྱེད་དུ་འོང་དགོས་པའི་བརྡ་གཏོང་སྲོལ་ཡོད། སྡེ་ནང་གི་གཉེན་ཉེ་འབྲེལ་ཡོད་མེད་དང་ཁྱིམ་མཚེས་སྡེ་མི་དང་བཅས་པ་(དགྲ་ཡ་མ་གཏོགས་)མང་ཆེ་ཤོས་ལ་བརྡ་གཏོང་མི་དགོས་པར་རང་བཞིན་གྱིས་རྟེན་འབྲེལ་ཞུ་བར་འོང་བའི་ལུགས་སྲོལ་ཡོད། ཉིན་དེར་ཁྱིམ་བདག་གིས་ཆེད་དུ་རང་གི་ཕ་ཚན་ལས་སྤྱང་གྲུང་ལྡན་ཞིང་འཇོན་ཐང་ཆེ་བའི་སྐྱེས་བུ་གཉིས་ཙམ་འདེམས་སྒྲུག་བྱས་ནས་ཕྱི་སྡེ་ཕྱོགས་བཞི་ནས་བྱོན་པའི་མགྲོན་པོ་དང་སྡེ་མིར་སྣེ་ལེན་གཟབ་རྒྱས་བྱེད་ལ། རྟེན་འབྲེལ་ཞུ་བར་འོངས་པའི་མགྲོན་པོ་རྣམས་ཀྱིས་ཀྱང་བདག་པོ་དང་འབྲེལ་བའི་བསྙེན་བསྲིང་ལྟར་འབྲུ་རིགས་འབོ་གང་(རྒྱ་མ30)ངམ་དོ། ཡང་ན་དེ་ལས་མང་བ་ཁུར་ནས་རྟེན་འབྲེལ་ཞུ་ཞིང་། དེ་བཞིན་ཕྱི་སྡེའི་མགྲོན་པོ་ཡིན་ནའང་འདྲ། སྡེ་མི་ཡིན་ནའང་འདྲ། ལ་ལས་སྒོར་མོ་བཅུ་ཕྲག་འགའ་ཤས་ནས་བརྒྱ་ཐམ་པ་རེ་ཁྱེར་ནས་རྟེན་འབྲེལ་ཞུ་བར་འོངས་པའང་མང་།  སྐྱེས་དེ་དག་ལས་ལ་ལ་ནི་སྐྱིན་པ་འཇལ་བ་དང་། ལ་ལ་ནི་རོགས་རམ་ཡིན་པས། ཁྱིམ་བདག་གིས་ཡི་གེ་ཤེས་པ་ཞིག་གདན་དྲངས་ནས་རེ་རེ་བཞིན་རྩིས་ཐོ་གསལ་པོར་འགོད་པ་ཡིན། དེ་ནི་ཕྱིན་ཆད་དེ་ལྟར་སྐྱེས་ལན་འཇལ་བར་སྟབས་བདེ་བསྐྲུན་པ་ཞིག་ཡིན། ཁྱིམ་བདག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་རྟེན་འབྲེལ་ཞུ་བར་འོངས་པའི་སྐུ་མགྲོན་རྣམས་ལ་གུས་སྲོལ་དང་མཐུན་པའི་སྣེ་ལེན་གཟབ་རྒྱས་ཞུ་ཞིང་། སྡེ་མི་དང་མགྲོན་པོ་རྣམས་ཀྱིས་ཀྱང་འཛུམ་དཀར་ལྷུག་པོར་གྲོལ་ནས་ཆང་རག་སོགས་ལ་ཅི་དགར་ལོངས་སུ་སྤྱོད། དེའི་ཚེ་གླུ་པ་དང་གླུ་མ་རྣམས་ཀྱིས་ལག་གཡས་འགྲམ་སྐྱོར་དང་སྦྲགས་སྐད་གསང་མཐོན་པོས་ཁང་པ་གསར་པར་རྟེན་འབྲེལ་ཞུ་བའི་མཆོད་བཤད་བཀྲ་ཤིས་གཡང་འཁྱིལ་གྱི་གླུ་དབྱངས་འདི་ལྟར་ལེན་ཏེ།   

            མཆོད་མཆོད། བཀྲ་ཤིས་ཉི་མ་དེ་རིང་དུས། གནམ་ལ་ཉི་ཟླ་སྐར་གསུམ་བཟང་། བར་ན་འཇའ་སྤྲིན་ཆར་པ་བཟང་།ས་ན་རྩི་ཏོག་འབྲུ་རིགས་བཟང་། ཕུན་སུམ་ཚོགས་པའི་བཟང་གསུམ་ཡིན།   

            མཆོད་མཆོད། ད་ཉིན་བཟང་སྐར་བཟང་དུས་བཟང་གསུམ། བཟང་གསུམ་བཟང་གི་རྟེན་འབྲེལ་ཡིན།   

            མཆོད་མཆོད། ལས་བསོད་ནམས་འཛོམས་པའི་རུ་སྡེ་འདི། བུ་དཔའ་མཛངས་ལྡན་པའི་རྫོང་མཁར་ཡིན། མཁས་སྙན་གྲགས་ཆེ་བའི་གདན་ས་ཡིན། མོ་མཛངས་མའི་རུས་རྒྱུད་འཛིན་ས་ཡིན། བཀྲ་ཤིས་པའི་གཡང་སྡེ་རང་གྲུབ་རེད།   

            མཆོད་མཆོད། ད་ཡོན་བདག་འདི་ཡི་མཁར་ཁང་ནི།བརྩིགས་མི་དགོས་གསས་ཁང་རང་གྲུབ་ཡིན། གསེར་གྱི་ཀ་བ་ཆ་བཙུགས་ནི།  ནགས་དགའ་ལྡན་ཤིང་སྡོང་གཤིབ་འདྲ་མཇེས། གཡུ་ཡི་གདུང་མ་བཞག་པ་ནི། སྤང་སྔོན་མོའི་རི་གདོང་འཁྱིལ་འདྲ་རེད། དངུལ་གྱི་འཕྲེད་བླུག་ཁྱབ་པ་ནི།  སྤྲིན་དཀར་པོ་གངས་རིའི་ཆར་ཟིམ་འདྲ། གསེར་འགེབས་གཡུ་འགེབས་གཟི་མདངས་ནི། དགུང་དབྱིངས་ནས་ཉི་ཟླ་ཤར་འདྲ་རེད། བཀྲ་ཤིས་པའི་ཕོ་བྲང་རང་གྲུབ་ཡིན།   

            མཆོད་མཆོད། རྒྱ་སྒོ་ལྕགས་རི་དགུ་འཁྱིལ་ནི། རྡུང་མི་དགོས་གསེར་གྱི་མཁར་རྫོང་ཡིན། ཕྱི་ནང་བར་གསུམ་རང་གྲུབ་ནི། ལས་མི་དགོས་གཡུང་དྲུང་རང་འཁྱིལ་རེད། མི་ནོར་ཕྱུགས་གསུམ་སྐྱིད་འཛོམས་ནི། འདི་བདེ་སྐྱིད་ཉི་མ་རང་ཤར་ཡིན།      

            མཆོད་མཆོད། ལས་བསོད་ནམས་འཛོམས་པའི་ཡོན་བདག་འདིས། བཀྲ་ཤིས་པའི་རྟེན་འབྲེལ་བཅུ་གསུམ་བསྒྲིགས། སྟེང་ལྷ་ཡུལ་རྒྱལ་པོའི་རྟེན་འབྲེལ་འགྲིག འོག་ཀླུ་ཡུལ་ཀླུ་མོའི་རྟེན་འབྲེལ་འགྲིག བར་འཛམ་བུ་གླིང་གི་རྟེན་འགྲེལ་འགྲིག  བོན་ཞང་ཞུང་མཁས་པའི་མཁས་གཡང་འགྲིག སྟོད་རྒྱ་གར་རྒྱལ་པོའི་ཆོས་གཡང་འགྲིག བར་སྤུ་རྒྱལ་རྒྱལ་པོའི་དོན་གཡང་འགྲིག སྨད་རྒྱ་ནག་རྒྱལ་པོའི་ཚོང་གཡང་འགྲིག བོད་ཁ་བ་ཅན་གྱི་ཆེ་གཡང་འགྲིག གླིང་གེ་སར་རྒྱལ་པོའི་དཔལ་གཡང་འགྲིག ཚོང་ནོར་བུ་བཟང་པོའི་ཚོང་གཡང་འགྲིག ཕྱི་བཀྲ་ཤིས་རྟགས་བརྒྱད་རྟེན་འབྲེལ་འགྲིག ནང་བཀྲ་ཤིས་རྫས་བརྒྱད་རྟེན་འབྲེལ་འགྲིག   

            མཆོད་མཆོད། དྭངས་མ་མཆོད་པའི་སྨན་ཆང་འདི།  ཡེ་ཤེས་ལྷ་དང་སྲུང་མར་མཆོད། སྡོང་གྲོགས་བྱས་པའི་ལས་ལྷར་མཆོད། མཐུ་དཔུང་ཆེ་བའི་དགྲ་ལྷར་མཆོད། ཁ་འཛིན་གནས་བདག་ཡུལ་ལྷར་མཆོད། འགྲོ་འདུག་བྱེས་བསུ་ལམ་ལྷར་མཆོད།     

            མཆོད་མཆོད། ད་ཡོན་བདག་འདི་ཡི་སྨོན་ལམ་འགྲུབ།  སྐུ་ཚེ་བསོད་ནམས་རྒྱས་པ་ནི། དགུང་ཉི་ཟླ་བཞིན་དུ་མདངས་གསལ་ཤོག ལས་བསོད་ནམས་དབང་ཐང་ཆེ་བ་ནི། གངས་རི་རྒྱལ་བཞིན་དུ་མཐོ་བར་ཤོག དཔའ་བཙན་ཕྱུག་སྙན་གྲགས་ཆེ་བ་ནི། དགུང་དབྱིངས་ནས་འབྲུག་སྒྲ་ལྡིར་བཞིན་ཤོག སྐྱིད་གཞི་མ་རྒྱ་མཚོ་བཞིན་དུ་འཁྱིལ། ས་དོག་མོའི་ཁ་ལ་གཡང་ཆགས་བཞིན། གཏེར་ས་གཞི་བཞིན་དུ་ཆེ་བར་ཤོག   

            ཅེས་པ་སོགས་དེ་ལྟར་ཉིན་ཧྲིལ་པོར་ཕོ་མོ་གཞོན་ནུ་རྣམས་ཀྱིས་གླུ་ལེན་གར་རྩེད་དང་ཟས་ཀྱི་ལྷུན་པོ་དང་ཆང་གི་རྒྱ་མཚོར་ལོངས་སུ་སྤྱོད་བཞིན་ཁང་པ་གསར་པར་རྟེན་འབྲེལ་ཞུ་བའི་ཆོ་ག་མཇུག་བསྒྲིལ་བ་ཡིན། སྤྱིར་འབྲུག་ཆུའི་བོད་དུ་མགྲོན་པོ་རྣམས་ཀྱིས་ཁུར་འོངས་པའི་སྐྱེས་རྟགས་ནི་སྐྱིན་པ་འཇལ་བ་ཡིན་ནའང་འདྲ། གསར་དུ་རོགས་རམ་བྱེད་པ་ཡིན་ནའང་འདྲ། གང་ལྟར་དེ་དག་གིས་ཁང་པ་བཟོ་སྐྲུན་བྱེད་སྐབས་ཀྱི་བཟའ་བཏུང་གི་འགྲོ་གྲོན་འདང་བར་ངེས་པས། དེ་དག་ལས་འདི་གའི་བོད་རིགས་ཀྱི་དཀའ་ངལ་མཉམ་སེལ་དང་གཞན་ལ་རོགས་རམ་བྱེད་པར་དགའ་ཞིང་། སྐྱིད་ན་མཉམ་སྐྱིད་དང་སྡུག་ན་མཉམ་སྡུག་བྱེད་པའི་བསམ་བློ་དང་ཀུན་སྤྱོད་བཟང་པོ་མཚོན་པར་ནུས་སོ། །


  • ལེ་ཚན་སྔོན་མ།:རིན་པོ་ཆེ་གཟི་ཡི་རྣམ་བཤད་རགས་རིམ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཤིང་བརྐོས་སྒྱུ་རྩལ།
  • དོ་སྣང་ཆེ་བའི་རྩོམ།