༄༅།། ཕྱི་དྲོ་ཞིག་ལ་སེམས་ཀྱི་བདག་མོར་བསྒུགས་པ།

ཟི་ལིང་། འོད་པོ་ཆེ།        2019-05-14

ཕྱི་དྲོ་ཧྲིལ་བོར་ཁྱེད་ལ་བསྒུགས།

ངས་རྒྱང་རིང་ཡོད་ཚད་དབེན་འཇགས་སུ་བསྒྱུར་ཀྱང་།

ཁྱེད་ཀྱི་སྙིང་ཉེ་བའི་གོམ་སྒྲ་ཐོས་མ་བྱུང་།

སེམས་ཀྱི་ཨ་སྔོན་ཁྱེད་ཁོ་ནས་བཟུང་།

སྐད་ཅིག་སྐད་ཅིག་གི་དུས་ཚོད།

སྙིང་གི་འཕར་ལྡིང་ལ་བརྒྱུས་ནས།

ཁྱེད་ཀྱི་ཆེད་དུ་ཟད།

ཁྱེད་ད་རུང་སླེབས་མ་བྱུང་།

བསིལ་རླུང་གི་རྒྱུ་བར་སྐད་ཅིག་བསྐུར།

ཁེར་རྐྱང་གི་སེམས་ངོར་ཁྱེད་ཀྱི་མཛེས་སྡུག་བསྒོམས་ནས།

རྟོག་བཟོ་མཐའ་དག་གི་འདབ་གཤོག་ཁྱེད་ཕྱོགས་སུ་བརྐྱངས།

སྙིང་ཉེ། ཁྱེད་གང་དུ་ཡོད།

མུན་པས་ཉིན་བྱེད་ཀྱི་བཞིན་ལ་དྲེག་མག་སྐུད་ཅིང་།

སྲོད་ཀྱི་སྡོང་རྩེ་རུ་རྩེན་པའི་བྱིའུ་དག་གིས་ཚང་མལ་བསྙེགས་སོང་།

ཁྱེད་རང་མྱུར་དུ་ཕེབས་ཤོག

མུན་པའི་སྔ་རོལ་ཏུ།

ཁྱེད་ཀྱིས་གངས་དཀར་ལྟ་བུའི་སེམས་པ་བསྣམས་ནས།

གོམ་སྒྲ་ཐྲིག་ཐྲིག་ངང་ཕེབས་ཤོག་དང་།

ངས་ཁྱེད་ལ་བསྒུགས་ཡོད།

འཇིག་རྟེན་སྡུག་མོ་སྡུག་མོ། སེམས་པ་སྐྱོ་མོ་སྐྱོ་མོ།

ལམ་ཡོད་ཚད་མུན་པས་བསྒྲིབས།

སྙིང་ག་ན་མར་མེ་རྐོང་བུ་གང་བཞིན་འོད་དུ་འཚེར་བ་དེ།

ནམ་ཡང་ཁྱེད་ཡིན།

ཁ་ཕྱོགས་བོར་བའི་ལོ་ཟླ་འདིར།

རི་རབ་ཀྱི་ཁེངས་ཉམས་དང་། རྩྭ་ཕྲན་གྱི་མགོ་ལྕོག

ཡིད་རྟོན་གྱི་གཤོག་པ་གང་དུ་བརྐྱངས་ཀྱང་།

སེམས་པ་བསྙལ་ཆོག་པའི་རྫ་མ་ཞིག་མི་འདུག

ཁྱེད་ཁོ་ན་ཉི་ཐིགས་བཞིན།

ནམ་མཁའ་སྟོང་པའི་གས་སྲུབ་ནས།

འོད་ཀྱི་ལག་པས་ངའི་བཞིན་ལ་བྱིལ་བྱིལ་གནང་འོངས།

སྨག་ལ་ལྕེབས་པའི་མཚན་མོ་བྲོས་ཤུལ་དུ།

ཁྱོད་ནི་ངའི་ཕྱི་གསལ་ནང་གསལ་གྱི་ཞོགས་པ་ཡིན།

ཁྱོད་ཡོད་པས།

ང་ཡོད།


  • ལེ་ཚན་སྔོན་མ།:༄༅།། གཡུང་དྲུང་རི་མོ་ལྟ་བུའི་བུ་མོ་ཁྱོད།
  • ལེ་ཚན་རྗེས་མ།:ཁྱོད་ཞལ་མ་མཐོང་བའི་ཉིན་ཞག