ཁྱོད་རང་གླུ་གཞས་ལ་དགའ་བ་ནང་བཞིན།

དཔལ་སེང་།        2019-05-13

    ཁྱོད་ཀྱིས་ང་ལ་ནམ་མཁའི་དབྱིངས་སུ་བསྟན་ནས་འོད་ལམ་ལམ་གྱི་སྐར་ཕྲན་དག་དགོས་ཟེར་ནས་ཨུ་ཚུགས་བྱས་མ་མྱོང་། ངས་ཀྱང་ཁྱོད་ལ་ནམ་མཁའི་སྐར་མ་དགོས་ན་ལེན་ཡོང་ཞེས་སླུ་བྲིད་བྱས་མྱོང་མེད། གནས་ལུགས་དེའི་སྟེང་ནས་ཀྱང་ཁྱོད་ལ་འཕྲོད་ཅིང་ང་ལ་རན་པའི་འཚོ་བ་སྟབས་བདེ་ཞིག་བསམ་པའི་གུད་དུ་བསྐྱོར་ཆོག་ཨང་། ངས་ལས་དབང་ལ་འཁང་ར་ཅི་ཡང་བྱེད་མི་འདོད་དེ། ལས་དབང་གིས་འུ་གཉིས་ཟླ་འོད་གཅིག་གི་འོག་ཏུ་གསོན་ཞིང་། དབྱར་གྱི་མེ་ཏོག་དང་སྟོན་གྱི་ལོ་འདབ་ལ་མཉམ་དུ་སེམས་ཀྱི་རོལ་དབྱངས་བཏང་མྱོང་བ་མ་ཡིན་ནམ། ལས་དབང་གིས་འུ་གཉིས་ལུང་པ་གཅིག་ནས་འཚར་ཞིང་ཁྱོད་ཀྱི་དྲན་པའི་ངོས་ཀྱི་ཕ་ཡུལ་དེ་ངས་དྲན་གྱི་ཡོད་ལ། ངའི་རུས་རྐང་གི་ཕ་ས་དེ་ཁྱོད་ཀྱི་ཕ་ས་ཡིན། ལས་དབང་གིས་་་་

    དེ་ལྟར་ལགས་མོད། དངོས་ཡོད་ཀྱི་ཁྲག་གི་ལག་པ་རིང་པོས་ཁྱོད་རང་ཞག་ཆར་ཁྲོད་དུ་བསྐྱུར་ཞིང་། ང་འང་མཁའ་དབུགས་མི་གཙང་བའི་སྣོད་དུ་འཕངས། འུ་གཉིས་ལུང་པ་གཅིག་གི་སྟོད་དང་སྨད་ཀྱིས་བཅད་ཡོད། མི་མངོན་པའི་དུངས་སེམས་ནི་ལུང་པ་དེའི་ཆུ་རྒྱུན་བཞིན་ཕུ་ནས་མདོ་རུ་འབྲེལ་ཡོད་ཀྱང་། ཆུ་ཕྲན་དེའི་མགོ་རྔ་འཕྲད་མི་སྲིད་པ་ནི་འུ་གཉིས་ཀྱི་བར་ཐག་རེད།

    དྲན་གདུང་དང་རེ་ཆད། ཡིད་སྨོན་སོགས་མངོད་བརྗོད་དང་ཚིག་རྒྱན་གྱིས་མ་སྤྲས་པར་ཁྱོད་ཀྱིས་གོ་ཤག་ཤག་གི་དཔེ་དང་མཚོན་བྱེད་དག་སྤྱད་དེ་བྲིས། ཁྱོད་ལ་སྙན་ངག་གི་མྱོང་རྟོགས་ཨེན་ཙམ་ཡོད་ན། ངའི་སྡུག་ཡུས་དང་སྐྱོ་གདུང་། ངུ་སྙིང་སྤྲོ་བའི་དུས་ཚོད་རེ་རེ་སྐྱེ་བ་དུ་མའི་ཁེར་རྐྱང་གི་མྱ་ངམ་ཐང་དུ་སྨིག་རྒྱུར་འཁྲུལ་བའི་རི་དྭགས་ཀྱི་རྗེས་ཤུལ་བྱེ་མའི་རི་ངོས་སུ་སྟོར་བ་བཞིན། སུ་ཡིས་མཐོང་ན་ཡ་ཆུང་སྟོད་ནས་ངུ་ཁ་འཆོར་འོང་བའི་དྲན་གདུང་གིས་བྲིས་པའི་འཕྲིད་པ་དག་ཐེངས་འགར་བཀླག་རོགས་གནོངས།

    ཁྱོད་རང་བདག་གི་འཚོ་བ་དང་དད་མོས་ལ་རྒྱུས་མེད་མིན་ཟེར། ང་རང་སྙན་ངག་ལ་བཅོས་མིན་གྱིས་དགའ་བ་ཁྱོད་ཀྱིས་དང་ལེན་བྱ་ཨེ་ཐུབ། ཁྱོད་ཉིད་གླུ་གཞས་ལ་དགའ་བ་ནང་བཞིན། ངའང་སྙན་ངག་གི་མཛེས་སྡུག་ལ་སྙིང་ཐག་པ་ནས་དུངས། ཁེར་རྐྱང་གི་འོབས་དོང་དུ་ལྷུང་བའི་རྣམ་ཤེས་ཀྱི་སྐྱོ་དུབ། དུས་ཚོད་དང་དངོས་ཡོད་གཙང་བོས་བཅད་པའི་ཕ་ཡུལ་གྱི་ཁྱོད་དང་བས་མཐའི་ང་། གང་ལྟར་ཁེར་རྐྱང་དང་བར་ཐག་གི་སྡུག་བསྔལ་ཐ་དག་ཞུ་ས། སྙན་ངག་གཅིག་པུ་ལས་སངས་རྒྱས་རློམ་པ་ཞིག་གང་དུ་འདུག གང་དུ་འདུག

    སྐབས་རེར། ང་ནི་ཁྱོད་ལ་ཆ་རྒྱུས་ཅི་ཡང་ཡོད་པའི་མི་དེ་ཡིན་པར་བསམ། ཁྱོད་རང་ཐང་ཡངས་པོའི་ཁུད་ཀྱི་ཆུ་ཕྲན་ཞིག་ཡིན་ན། ངས་ཆུ་ཕྲན་དེའི་ཁུགས་པ་རེ་རེ་སྔ་མོ་ནས་ཁོག་རྩིས་བྱས་ཡོད། ཡང་ན་ཁྱོད་རང་གླུ་གཞས་ཤིག་ཡིན་ན། མེ་ཏོག་ལྡེམ་དུ་འཇུག་པའི་དབྱངས་དང་སེམས་པ་སྐྱོམ་པར་བྱེད་པའི་ཚིག་འབྲུ་ལ་ཞིབ་ཚགས་ཀྱིས་བླགས་ཤིང་དྲན་པའི་སྒྲོམ་དུ་ཉར་ཡོད།

    ཡང་སྐབས་རེར། ང་ནི་ཁྱོད་ལ་ཆ་རྒྱུས་གཏན་ནས་མེད་པའི་མི་དེའོ།། ལྗོངས་རྒྱུ་བ་དང་ལྗོངས་རྒྱུའི་སྣེ་ཤན་པ་ནང་བཞིན་ཕན་ཚུན་ལ་ཁེ་ཕན་གྱི་མིག་ཟུང་སྤྱད་ནས་འཛུམ་པ་ལས་སོ་སོའི་སེམས་ཀྱི་མེ་ལོང་གི་ནང་དུ་རློམ་ཐབས་བྲལ་བའི་འཇིག་རྟེན་ག་ཙམ་འབྲི་བཞེངས་བྱས་ཡོད། ཡིད་གཉིས་སྟག་གཟིག་གི་མཆེ་བ་རབ་ཏུ་རྣོ་བས་གཟས་ཏེ་གཏད་པ་མིན་ཡང་རྨས་མ་ཕོག་པའི་ཁྱོད་ཀྱི་བརྩེ་བ་ལ་ཀུ་རེས་རྩེས་པ་ཉུང་ཉུང་མིན་ཨང་།

    ངས་གཏན་དུ་<བྱིའུ་ཆུང་འཕུར་ན་ཁྱོད་ཡིན><ཡལ་ག་ཆག་ན་ང་ཡིན>ཟེར་ཏེ་གན་རྒྱའི་སྐད་ཆ་ཞིག་ཁྱོན་ནས་བཤད་མི་འདོད་དེ། ཁྱོད་རང་ཡལ་ག་བཞིན་དུ་སྐྱེ་བར་འཐད་ཡོད་ལ། ངའང་བྱིའུ་བཞིན་དུ་འབབ་པར་འཐད་ཡོད། རང་སེམས་ཀྱི་ལོ་མ་ལ་སྟོན་ཁའི་སེར་ཐིག་ལྷུང་ན། བྱིའུ་ཆུང་བབས་པའི་ཅི་བྱ། འུ་གཉིས་ཀྱི་བར་དུ་འགན་ཁྲི་དང་གན་རྒྱ་ཅི་ཡང་མེད།

  • ལེ་ཚན་སྔོན་མ།:ཐོ་ཐོ།
  • ལེ་ཚན་རྗེས་མ།:དབྱར་དུས་ཀྱི་ཐོལ་བྲིས།
  • རྩོམ་གསར། 10