སི་ཁྲོན་གྱིས་གཅིག་སྡུད་བྱས་ཏེ་ལས་གཞི་གལ་ཆེན་ཚོ་གཅིག་ལས་འགོ་བཙུགས་ནས་མ་དངུལ་སྒོར་དུང་ཕྱུར6900གཏང་རྒྱུ།

ཡེ་ཤེས་ཀྱིས་བསྒྱུར།        2019-05-08

    ཞིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་འབྱོར་བའི་གཏམ་གསར། སི་ཁྲོན་ཞིང་ཆེན་གྱིས2018ལོའི་དུས་ཚིགས་བཞི་པར་ལས་གཞི་གལ་ཆེན་ཚོ་གཅིག་སྟེ་སྦགས་བཙོག་འགོག་བཅོས་བྱ་རྒྱུའི་འཐབ་ཇུས་ཆེན་པོ་གསུམ་གྱི་ལས་གཞི་གལ་ཆེན་གཅིག་སྡུད་དུ་ལས་འགོ་བཙུགས་པའི་མཛད་སྒོ་དེ་ཁྲེང་ཏུའུ་རུ་འཚོགས་པ་རེད། ཐེངས་འདིར་གཅིག་སྡུད་ཀྱིས་ལས་གཞི་གལ་ཆེན་པོ1560ལས་འགོ་བཙུགས་ཡོད་པ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར6900གཏང་རྒྱུ་རེད།

    གཅིག་སྡུད་ཀྱིས་ལས་འགོ་ཚུགས་པའི་ལས་གཞི་གལ་ཆེན་པོ་དེ་རྣམས་གཙོ་བོ་གལ་ཆེན་གྱི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དང་ཁྱད་ལྡན་གྱི་ཐོན་ལས་འཕེལ་རྒྱས་གཏོང་བ། དམངས་འཚོ་དང་སྤྱི་ཚོགས་ཀྱི་དོན་ལས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་ཁྱབ་ཁོངས་དང་འབྲེལ་བ་ཡོད། སི་ཁྲོན་ཞིང་ཆེན་གྱི་རླུང་ཁམས་དང་། ཆུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་རྒྱུའི་དམག་འཐབ་ཆེན་པོ་གསུམ་དང་འབྲེལ་བ་ཡོད་པའི་ལས་གཞི341ཡོད་ཅིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར758གཏང་རྒྱུ། དེའི་ནང་ཆུའི་སྦགས་བཙོག་འགོག་བཅོས་ལས་གཞི164ཡོད་ཅིང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར408གཏང་རྒྱུ། ས་རྒྱུའི་སྦགས་བཙོག་འགོག་བཅོས་ལས་གཞི་ཁྱོན་བསྡོམས72དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར155གཏང་རྒྱུ། སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་ལས་གཞི32དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར181གཏང་རྒྱུ། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས་ལས་གཞི56དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར13བཅས་གཏང་རྒྱུ།

    གཞན་ཡང་ལས་གཞི་དེ་དག་ལས་འགོ་བཙུགས་སྟབས། དམངས་ཁྲོད་ཀྱི་མ་དངུལ་གཏོག་འཇོག་བྱེད་པའི་གསོན་ཤུགས་སྔར་བས་འདོན་སྤེལ་བྱ་ཐུབ་པ་དང་། ཕན་ནུས་ལྡན་པའི་མ་དངུལ་གཏོང་འཇོག་བྱེད་ཁྱོན་རྒྱ་བསྐྱེད་གཏོང་ཐུབ་ཅིང་། མ་དངུལ་གཏོང་འཇོག་བྱེད་པའི་གྲུབ་ཚུལ་ལེགས་སྒྱུར་བྱུང་བ་དང་། སྐྱེ་ཁམས་ཁོར་ཡུག་ལེགས་སུ་བསྒྱུར་ཐུབ་པས། སི་ཁྲོན་ཞིང་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་ཐུབ་པ་དང། འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་བརྟན་པོ་འདིང་བར་ནུས་ལྡན་གྱི་རྒྱབ་རྟེན་འདོན་སྤྲོད་བྱ་ཐུབ་པ་རེད།།

  • ལེ་ཚན་སྔོན་མ།:ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱའི་སྟེང་མིང་བཀོད་དེ་སྲིད་གཞུང་གི་དངུལ་གཏོང་སྲོལ་ཡིག་ཁྱབ་བསྒྲགས་བྱས།
  • ལེ་ཚན་རྗེས་མ།:འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ།
  • དོ་སྣང་ཆེ་བའི་རྩོམ།