དགེ་འདུན་ཆོས་འཕེལ།

ཐང་དཀར།        2019-05-05

ཞབས་རྡུལ་ཕྲ་མོས་སྟོད་སྨད་བར་གསུམ་བསྐོར། །

ལུང་དང་རིགས་པས་མཁས་པའི་དམ་བཅའ་བརླགས། །

གཞན་གྱིས་འགྲན་པར་མི་ནུས་རྡོ་རྗེའི་སྲས། །

གངས་ཅན་མཁས་པའི་མཁས་པ་དགེ་ཆོས་ལགས། །

རྒྱ་གར་རྒྱན་དྲུག་མཆོག་གཉིས་གཞུང་ལ་སྦྱངས། །

དབུས་གཙང་སེ་འབྲས་དགའ་གསུམ་གྲྭ་སྐོར་མཛད། །

མདོ་སྨད་བླ་བྲང་བཀྲ་ཤིས་གཡས་འཁྱིལ་སོགས། །

རྒྱལ་ཁམས་རིག་པས་བསྐོར་བ་ཁྱེད་ལས་སུ། །

མཚན་མོའི་སྨག་རུམ་ཟླ་ཟེར་ཕྲ་མོས་བརྒལ། །

ལམ་གྱི་བར་ཆད་སྔགས་དང་རིམ་གྲོས་བཟློགས། །

ཚེ་རབས་སློབ་གསོའི་དམ་ཆུ་འཐུང་བ་ཡི། །

རིག་པའི་དཔའ་བོ་དགེ་འདུན་ཆོས་འཕེལ་དྲན། །

 

"ཀླུ་སྒྲུབ་དགོངས་རྒྱན"རིགས་སྨྲ་རྣམས་ཀྱི་བཤེས། །

"དེབ་ཐེར་དཀར་པོ"ལོ་རྒྱུས་སྨྲ་བའི་གཉེན། །

"འདོད་པའི་བསྟན་བཅོས"་ཆགས་ལྡན་ཕོ་མོའི་གྲོགས། །

དགེ་འདུན་ཆོས་འཕེལ་མཁས་པའི་གཙུག་ཏོར་ཉིད། །

དབྱངས་ལ་ཆགས་པའི་ཚིག་གི་ཟིལ་བ་དང་། །

ཚིག་ལ་བརྒྱུས་པའི་སེམས་ཀྱི་ཆགས་སྡང་སོགས། །

སྦ་གསང་མེད་པར་འབྲི་བཞེངས་བྱས་པ་ཡི། །

དགེ་འདུན་ཆོས་འཕེལ་སྙན་ངག་ཀློག་པར་སྤྲོ། །

ཁེར་རྐྱང་གོམ་པས་རྒྱང་རིང་ག་ཚོད་བགོམས། །

རྐང་རྗེས་རྣམས་ཀྱང་འདྲི་རྟགས་ཚུལ་དུ་ལངས། །

སྔོན་བྱས་རྗེས་འགྱོད་མེད་པའི་ལམ་བུ་ཞིག །

རིགས་པས་དཔྱད་ཀྱང་རེ་བས་མཐའ་མ་འཁྱོལ། །


  • ལེ་ཚན་སྔོན་མ།:རླུང་གིས་འདེད་པའི་ཚོར་བ།
  • ལེ་ཚན་རྗེས་མ།:མེས་པོའི་བླ།
  • རྩོམ་གསར། 10